༧ཆུང་སྲིད་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་དང་ཟས་བཅད་ངོ་རྒོལ།

ཟླ་འདིའི་ཚེས་༢༥ ཉིན་གྱི་ཞོགས་པའི་ཆུ་ཚོད་༩ པའི་ཐོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་བླ་སྤྱི་རུ་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་གྲངས་༢༢ ལ་ཕེབས་པའི་འཁྲུངས་སྐར་དུས་དྲན་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་ཀྱི་གཞིས་འགོའི་སྐུ་ཚབ་དང་། སེ་ར་དང་རྣམ་གྲོལ་གླིང་གིས་དབུས་རིས་མེད་གདན་ས་ཁག་གི་སྐུ་ཚབ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་མཉམ་ཞུགས་བྱས་འདུག

hunger_strike_for_penchenlamaསྐུ་མགྲོན་གཙོ་བོ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་འཁྲུངས་སྐར་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་དོན། “བོད་ལ་ཆབ་སྲིད་ཀྱི་རང་དབང་ཡག་པོ་ཞིག་མ་ཐོབ་བར་དུ་ཆུང་སྲིད་པཎ་ཆེན་རིན་པོ་ཆེ་མཆོག་ལ་རང་དབང་ཡག་པོ་ཞིག་ཡོང་རྒྱུའི་གནད་དོན་དེ་ཤིན་ཏུ་ནས་ཁག་པོ་རེད་དྲན་གྱི་འདུག དེ་འདྲ་ཡིན་སྟབས་ད་ལྟ་༸སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་ནང་བཞིན་གཉིས་སྨན་དབུ་མའི་ལམ་དེ་བོད་བཙན་བྱོལ་གཞུང་གི་སྲིད་ཇུས་རེད། དེའི་ཐོག་ལ་ཚང་མས་གོང་བུ་གཅིག་ཏུ་བསྒྲིལ་ནས་ནུས་ཤུགས་ཤིག་འདོན་ཐུབ་ན། དེ་ནས་ག་རེ་ཡིན་ནའང་ཚགས་ཚུད་པོ་དང་། པཎ་ཆེན་རིན་པོ་ཆེ་ཡིན་ནའང་གདན་སར་འཁོད་པ་ཞིག་ཡོང་གི་རེད།“ཅེས་གསུང་སོང་།

དེ་བཞིན་བཀྲ་ཤིས་ལྷུན་པོ་དགོན་པས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ༡ ༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་སྐུ་འཚོ་བཞུགས་ཡིན་མིན་གསལ་པོ་བཟོ་དགོས། ༢ ༸པཎ་ཆེན་སྐུ་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་སྐུ་འཚོ་བཞུགས་ཡིན་ཚེ་རྒྱལ་སྤྱིའི་རང་དབང་ཅན་གྱི་ཚོགས་པ་ཞིག་དང་མཇལ་འཕྲད་ཞུ་རྒྱུའི་རང་དབང་སྤྲོད་དགོས། ༣ བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་སོགས་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས། ༤ ༸གོང་ས་སྐྱབས་མགོན་ཆེན་པོར་གཞི་མེད་བསྙོན་འཛུགས་བྱེད་རྒྱུ་མཚམས་འཇོག་དགོས་པ་བཅས་ཡིན་ཞེས་བསྒྲགས་འདུག

མཇུག་ཏུ་བཀྲ་ཤིས་ལྷུན་པོའི་མཁན་ཚབ་བཀའ་ཆེན་བློ་བཟང་ཤེས་རབ་མཆོག་གིས་དྲན་སྐུལ་ནན་ཏན་གྱིས་གནང་དོན། “པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་སྐུ་ངལ་ག་ཚོད་བསྐྱོན་ཡོད་པ་རེད། མཐའ་མ་དགོངས་པ་རྫོགས་དོན་ཡང་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རྫོགས་པ་ཞིག་ཆགས་བསྡད་ཡོད་པ་ཚང་མས་མཁྱེན་གསལ་རེད། དེ་འདྲ་ཡིན་དུས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་༡༡ པའི་ཐོག་སྔར་ནས་ཐུགས་སྣང་གནང་བཞིན་པའི་སྒང་ལ་ཐུགས་སྣང་ཤུགས་ཆེ་རུ་གཏོང་དགོས་འདུག་ཞུ་རྒྱུ་གལ་ཆེན་པོ་ཆགས་འདུག་”ཅེས་གསུངས་སོང་། དེ་བཞིན་ཉིན་མོ་འདིར་པཎ་ཆེན་དྭངས་བླང་སློབ་ཕྲུག་དང་བྷེང་ལོར་ས་གནས་གཞོན་ནུའི་གོ་སྒྲིག་འོག་བྷེང་ལོར་གྲོང་ཁྱེར་དུ་མི་གྲངས་བརྒྱ་ལྷག་ཅིག་གིས་ཟས་བཅད་ངོ་རྒོལ་བྱས་ཡོད་པ་དང་། ཕྱི་དྲོ་སྦེལ་ཀོབ་ལུགས་བསམ་གཞིས་གྲོང་དང་པོར་བཀྲ་ཤིས་ལྷུན་པོའི་གོ་སྒྲིག་འོག་མི་མང་ཉིས་བརྒྱར་ཉེ་བ་བསྡུ་སྐོང་གིས་མར་མེའི་ཁྲོམ་སྐོར་ཞིག་ཀྱང་བྱས་ཡོད་པ་རེད།
མེ་སོར་གསར་འགོད་པས།