ལྷོ་ཕྱོགས་འབྲས་སྤུངས་སུ་མར་མེའི་ཁྲོམ་སྐོར།
སྐབས་དེར་འབྲས་སྤུངས་སྒོ་མང་དང་། བློ་གསལ་གླིང། ར་སྟོད། ས་སྐྱ་གྲྭ་ཚང་བཅས་ཀྱི་གྲྭ་མང་ཧ་ཅང་ཕོན་ཆེན་མཉམ་ཞུགས་བྱས་ཡོད་པ་རེད།
ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་གཤེགས་པ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ཀྱི་གཙོས་དཔའ་བོ་དཔའ་མོ་དག་གིས་ཆེད་དུ་མྱ་ངན་ངག་བཅད་སྐར་མ་གཅིག་རིང་བྱས་རྗེས། གོ་སྒྲིག་གནང་མཁན་འབྲས་བློ་གླིང་ཕྱག་མཛོད་མཁྱེན་རབ་ཆོས་རྗེ་ལགས་ཀྱིས་མར་མེ་ཁྲོམ་གྱི་ལས་འགུལ་སྤེལ་དགོས་དོན་སྐོར་ལ་འགྲེལ་བརྗོད་གནང་དོན། ཟླ་སྔོན་མའི་སྤྱི་ཚེས་༡༦ ཉིན་རྔ་བ་ཀིརྟི་དགོན་པའི་རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་ལགས་ཀྱི་བོད་བསྟན་སྲིད་མི་རིགས་དང་བཅས་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་བློ་བཏང་གནང་བར་བརྟེན། ད་ལྟ་ས་ཁུལ་དེའི་བོད་མི་ཚོར་རྒྱ་གཞུང་གིས་ཚད་ལས་བརྒལ་བའི་ཉེས་རྡུང་དང་ཁྲིམས་ཆད་ཚབ་ཆེན་གཏོང་བཞིན་ཡོད་པ་དེ་མྱུར་དུ་མཚམས་འཇོགས་བྱེད་ཆེད་དང་། གཞན་ཡང་ལོ་སྔོན་མ་སྒ་སྐྱེ་རྒུ་མདོར་ས་ཡོམ་གོད་ཆགས་བྱུང་བ་ནས་བཟུང་ད་ལྟ་མི་རབས་ནས་མི་རབས་ཏུ་སྡོད་སའི་ས་ཆ་རྒྱ་གཞུང་གིས་བཙན་འཕྲོག་བྱེད་བཞིན་པ་སོགས་ཀྱི་མཚོན་པས། བོད་ནང་དུ་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་། ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་མེད་པ་སོགས་འཛམ་གླིང་རྒྱལ་སྤྱིའི་ཐོག་མཁྱེན་རྟོགས་ཡོང་ཆེད་དང་། མདོར་ན་རྒྱ་དམར་གྱི་བཙན་འོག་ན་ཡོད་པའི་གཞིས་བཞུགས་རྒྱ་ཆེའི་མི་མང་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་དུ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།
དེ་བཞིན་སྐུ་མགྲོན་གཙོ་བོ་ས་འཐུས་ཚོགས་གཙོ་དང་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་གཉིས་ནས་ཀྱང་རིམ་པས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཆིག་སྒྲིག་ཐོག་རང་འགན་རང་ཁུར་གྱིས་ལས་འགུལ་སྤེལ་དགོས་པ་དང་། དེའི་ནང་མཉམ་ཞུགས་བྱེད་པ་སོགས་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་སོང་།
མོན་གྷོ་གསར་འགོད་པས།