རྒྱ་གར་གཞུང་དང་མི་མང་གིས་བོད་དོན་ལ་རྒྱབ་སྐྱོར་ཡོད།

དེ་ཡང་ཟླ་འདིའི་ཚེས་༢༦ ཉིན་དྷ་ས་ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་འདུན་པ་ཚོས། དྷ་ས་ནས་ལྡི་ལི་བར་སེང་སྦྲེངས་གོམ་བགྲོད་གནང་ནས་ཀང་ར་རྫོང་དུ་འབྱོར་སྐབས། དེར་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་དང་འབྲེལ་ཡོད་སྤྱི་འཐུས་རྒྱུན་ལས་ཁག་ཅིག་གི་གོ་སྒྲིག་འོག ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་དང་ཀོང་རེ་སིི་ཆབ་སྲིད་ཚོགས་པའི་འཐུས་མི། མངའ་སྡེའི་ཡུལ་སྐོར་སྤྲོ་འཁྱམ་གྱི་བློན་ཆེན་ཟུར་པ་སྐུ་ཞབས་བྷཱ་ལའི་མཆོག་དང། ཧི་མ་ཅལ་ཀོང་རི་སི་ཆབ་སྲིད་ཚོགས་པའི་འགན་འཛིན། ཀང་ར་རྫོང་གཞོན་སྐྱེས་ཚོགས་པའི་འགན་འཛིན་དང་ཤེས་ཡོན་འགན་འཛིན་སོགས་ཆེད་ཕེབས་ཀྱིས། ཀང་ར་བྷ་ལའི་མགྲོན་ཁང་ཆེན་མོའི་མདུན་ཐང་དུ་གོམ་བགྲོད་ལ་ཕེབས་མཁན་ཚོར་རྒྱབ་སྐྱོར་གྱི་འཚམས་འདྲི་དང་གསར་འགོད་གསལ་བསྒྲགས་ཤིག་གནང་སོང།

སྐབས་དེར་བློན་ཆེན་ཟུར་པ་སྐུ་ཞབས་བྷཱ་ལའི་མཆོག་གིས་གསུང་དོན། ༧ཏཱ་ལའི་བླ་མ་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག་ནས། ཉིན་ཅིག་བོད་དོན་བདེན་མཐའ་སེལ་རྒྱུ་ནི་ཐེ་ཚོམ་མེད་པ་ཞིག་ཡིན། རྒྱ་ནག་གི་དམག་ཤུགས་དེ་དེང་སྐབས་སྟོབས་ཆེན་པོ་ཆགས་ཡོད་རུང། ཉིན་རེ་བཞིན་འཛམ་གླིང་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པས། རྒྱ་ནག་དམར་གཞུང་དེ་འགྱུར་ལྡོག་ཅི་ཡང་མི་འགྲོ་བ་འཛམ་གླིང་འདིའི་སྒྲོམ་གཞིའི་ནང་གནས་མི་ཐུབ་པ་ཞིག་ཡིན། ང་ཚོས་རང་ཉིད་ཀྱི་བདེན་པའི་འཐབ་རྩོད་ལ་ཡིད་ཆེས་བྱས་ན། གང་ཟག་ཞེ་དྲག་པའི་ངོས་ནས་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཐུབ་ན། བདག་ཉིད་ཆེན་པོ་གྷན་དྷི་མཆོག་གིས་གནང་བ་ལྟར་གྲུབ་འབྲས་ཐོན་རྒྱུ་ནི་བརྗོད་མི་དགོས་པ་ཞིག་རེད། ང་ཚོའི་ངོས་ནས་རྒྱ་གར་གཞུང་གི་གནད་ཡོད་མི་སྣ་ཚོར་འབྲེལ་བ་བྱས་ཏེ། ཀིརྟི་དགོན་གྱི་གནས་སྟངས་དང་འདིར་སེར་སྦྲེངས་གོམ་བགྲོད་གནང་མཁན་ཚོར་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུ་ངེས་ཡིན་ཞེས་སོགས་གསུང་སོང།

དེ་རྗེས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས། རྒྱ་གར་གཞུང་དང་མངའ་སྡེ་གཞུང། མངའ་སྡེའི་ཀོང་རེ་སི་ཆབ་སྲིད་ཚོགས་པ་སོགས་ཀྱིས་བོད་དོན་རྒྱབ་སྐྱོར་གནང་བ་བོད་མི་ཡོངས་ཀྱིས་ཚབ་ཞུས་ནས་ཐུགས་རྗེ་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་རྗེས། སྐུ་ཞབས་བྷཱ་ལའི་མཆོག་གིས་གོམ་བགྲོད་ལ་ཕེབས་མཁན་ཚོ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྒྲོན་པ་དང།  དེ་ནས་གོམ་བགྲོད་ལ་ཕེབས་མཁན་ཚོར་རྒྱབ་སྐྱོར་མཚོན་ཆེད་དུ་དགོང་དྲོའི་གསོལ་ཚིག་ཕུལ་ཡོད་པ་རེད།།