རྒྱ་ནག་གིས་བཙུན་མ་བྱམས་པ་མཚོ་འཛིན་བཟུང།

རྒྱ་གཞུང་ཉེན་རྟོག་པས་རྡུང་རྡེག་མནར་གཅོད་ཚད་མེད་བཏང་སྟེ་འཇུ་བཟུང་བྱས་ཡོད་འདུག་ཅིང། ཁོ་མོ་རང་ཁྱིམ་ནས་ཕྱིན་སྐབས། ཡིག་ཆ་ཞིག་བཞག་ཡོད་པའི་ནང་དུ་རང་ཉིད་གལ་ཆེའི་ལས་དོན་ཞིག་གི་ཆེད་དུ་ས་ཆ་གཞན་དུ་འགྲོ་རྒྱུ་ཡིན་ཚུལ་འཁོད་ཡོད་པ་རེད།

jampa tso tehorཕྱི་ལོ་༢༠༠༨ ཟླ་བ་༦ ཚེས་༨ ཉིན་བྲག་འགོ་རྦ་དག་བཙུན་དགོན་གྱི་བཙུན་མ་བརྒྱ་ཕྲག་འགས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་སྐབས་རྒྱ་གཞུང་ངོས་ནས་ཕྱིས་སུ་བཙུན་དགོན་འདིའི་ནང་གི་བཙུན་མ་སུ་ཞིག་གིས་ཀྱང་དེ་འདྲའི་ལས་འགུལ་རིགས་སྤེལ་ཚེ། དགོན་པ་འདིའི་ཆོས་སྒོ་ཡོངས་སུ་རྒྱག་རྒྱུ་ཡིན་ཞེས་ནན་བརྗོད་ཀྱིས་བཀའ་ཡིག་སྤྲད་ཡོད་སྟབས། ད་རེའི་བཙུན་མ་བྱམས་པ་མཚོས་རང་ཉིད་དགོན་པའི་སྐྱིད་སྡུག་ཏུ་མེད་ཚུལ་བརྗོད་དེ། ས་ཆ་གཞན་དུ་སོང་ནས་རང་དབང་སྐད་འབོད་ཀྱིས་ལས་འགུལ་སྤེལ་དགོས་བྱུང་འདུག

ཁོ་མོ་བྲག་འགོ་ནས་ཐོན་ཏེ་ཉིན་འགའ་ཤས་ཀྱི་རྗེས་སུ་མ་གཏོགས་ནང་མི་རྣམས་ཀྱིས་གར་ཡོད་ཤེས་རྟོགས་བྱུང་མེད་ན་ཡང་། ཁོ་མོ་འཇུ་བཟུང་བྱེད་སྐབས་རང་ཉིད་བྲག་འགོ་རྫོང་ཆུ་དབར་གྲོང་ནས་ཡིན་ཚུལ་དང་། རང་གིི་མིང་དང་བཅས་པ་སྦ་གསང་མེད་པར་ཉེན་རྟོག་པར་བཤད་ཡོད་སྟབས། ཡུལ་དེའི་ཉེན་རྟོག་པས་མོའི་ནང་མི་ལ་འབྲེལ་བ་བྱས་པར་བརྟེན། ནང་མི་འགའ་ཁམས་སྡེ་དགེ་རུ་ཐུག་ཕྲད་དུ་སོང་ཡོད་འདུག་ཀྱང་། རྒྱ་གཞུང་ཉེན་རྟོག་པས་གཉེན་ཉེ་རྣམས་ལ་དངོས་སུ་ཐུག་ཕྲད་བྱེད་མ་བཅུག་པ་མ་ཟད། མོས་ནག་ཉེས་ཚབ་ཆེན་བསགས་ཡོད་ཚུལ་སོགས་ཀྱིས་སྡིགས་ར་བསྐུལ་ཏེ་ཁོང་ཚོ་ཕྱིར་བཏང་འདུག
བཙུན་མ་བྱམས་པ་མཚོ་ནི་རང་ལོ་༢༨ ཡིན་པ་དང་ད་ལྟ་བཙོན་ཁང་གང་དུ་ཡོད་མེད་དང་ཤི་གསོན་ཅི་ཡིན་སོགས་ཀྱི་ཐད་ལ་གསལ་པོ་ཤེས་རྟོགས་ཐུབ་མ་སོང་ཞེས་རྒྱ་གར་ལྷོ་ཕྱོགས་འབྲས་བློ་གླེང་ཏྲེ་ཧོར་བྲག་འགོ་ཁམས་ཚན་ནས་ཡིན་པའི་གྲྭ་ཉི་མ་ཚེ་རིང་ལགས་ནས་འགྲེལ་བརྗོད་གནང་སོང་།།
མོན་གྷོ་གསར་འགོད་པས།