བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་འོས་བསྡུའི་གྲུབ་འབྲས།
ཕྱི་ཟླ་༤ ཚེས་༡༢ ནས་འགོ་འཛུགས་ཀྱིས་ཆོལ་ཁ་ཆོས་བརྒྱུད་དང་བཅས་པའི་སྤྱི་འཐུས་ཀྱི་ཟུར་དཔང་དང་བཅས་གྲངས་བཤེར་ཕྱོགས་བསྡོམས་བྱས་ཡོད་པ་དང། སྐབས་འདིའི་སྤྱི་འཐུས་ཀྱི་འོས་འདེམས་ཁྲོད་དབུས་གཙང་གི་སྤྱི་འཐུས་བརྒྱད་ལས་འདེམས་ཐུབ་མེད་ལ། གཉིས་ལ་དགོས་ངེས་ཀྱི་བརྒྱ་ཆ་ལོངས་མེད་པར་བསྐྱར་དུ་བར་མའི་འོས་བསྡུ་བྱེད་དགོས་བྱུང་ཡོད་པ་རེད།
དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་ཕྱི་ལོ་༡༩༦༠ ལོའི་ཕྱི་ཟླ་༩ ཚེས་༢ ཉིན་སྐབས་དང་པོ་སྤྱི་འཐུས་རྣམས་ཀྱིས་དམ་འབུལ་ཞུས་པ་ནས་བཟུང་ད་བར་སྐབས་བཅོ་ལྔ་ཙམ་ཟིན་པ་དང། ལོ་༥༠ ལྷག་གི་རིང་དུས་ཡུན་དང་གྲུབ་ཆ། གྲངས་འབོར་སོགས་ལ་འགྱུར་བ་རབ་དང་རིམ་པ་མང་པོ་ཞིག་ཐེབས་ཡོད་པ་རེད། ལྷག་པར་ཕྱི་ལོ་༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་ཕབས་པ་ནས་བཟུང་སྤྱི་འཐུས་ཀྱི་གྲངས་ཚད་སྤར་ཆ་དང་འབྲེལ་ཚོགས་འདུའི་འགྲོ་ལུགས་སོགས་གྲོས་ཚོགས་ཀྱི་ངོ་བོར་བསྒྱུར་ཡོད་པ་དང། རང་མིན་ཕྱི་ཟླ་༥ པའི་ཟླ་མཇུག་ལ་དམ་འབུལ་ཞུ་རྒྱུའི་སྤྱི་འཐུས་དེ་དག་ནི་སྐབས་བཅོ་ལྔ་པ་ཆགས་ཡོད་པ་རེད།
སྐབས་འདིའི་འདེམས་ཐོན་བྱུང་བའི་དབུས་གཙང་གི་སྤྱི་འཐུས་ནི། ཨ་ཙརྱཱ་ཡེ་ཤེས་ཕུན་ཚོགས། པདྨ་འབྱུང་གནས། ཤར་གླིང་ཟླ་སྒྲོན། དགེ་བཤེས་སྐལ་བཟང་དགྲ་འདུལ། ཀརྨ་ཡེ་ཤེས། ཟླ་བ་ཚེ་རིང། སྒྲོལ་མ་ཚེ་རིང། བུ་མོ་ཚེ་རིང་བཅས། སྤྱི་འཐུས་བརྒྱད་འདེམས་ཐོན་བྱུང་ཡོད་པ་དང་དེའི་ནང་དུ་སྤྱི་འཐུས་རྙིང་པ་བཞི་དང། གསར་པ་བཞི་འདེམས་ཐོན་བྱུང་ཡོད་པ་རེད། ཨང་རིམ་དགུ་པ་ཚེ་བརྟན་ནོར་བུ་དང། བཅུ་པ་འཇིགས་མེད་འབྱུང་གནས་གཉིས་ཡིན་ཡང་ཁོང་གཉིས་ལ་འོས་ཤོག་བླུག་མཁན་སྤྱིའི་བརྒྱ་ཆ་༣༣ གྱི་རྒྱབ་སྐྱོར་ཐོབ་མེད་པས། དབུས་གཙང་གི་སྤྱི་འཐུས་གཉིས་བསྐྱར་དུ་བར་མའི་འོས་བསྡུ་བྱེད་དགོས་པ་རེད།
མདོ་སྟོད་ཀྱི་སྤྱི་འཐུས་འོས་འདེམས་བྱུང་བ་བཅུ་ནི། འབའ་བ་སྐལ་བཟང་རྒྱལ་མཚན་དང། གསེར་རྟ་ཚུལ་ཁྲིམས། འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། འཇམ་དབྱངས་བཟོད་པ། དབུ་དཀར་ཚང་གཡུ་སྒྲོན། ཆོས་སྐྱོང་དབང་ཕྱུག དབྱངས་ཅན་སྒྲོལ་དཀར། ཚུལ་ཁྲིམས་བསྟན་འཛིན། དགེ་བཤེས་གཡུང་དྲུང་རྒྱལ་མཚན། གངས་ལྷ་མོ་བཅས་འོས་འདེམས་བྱུང་ཡོད་པ་མ་ཟད། ད་དུང་བརྒྱ་ཆ་ལོངས་པ་མི་གསུམ་བྱུང་ཡོད་འདུག
མདོ་སྨད་ཀྱི་སྤྱི་འཐུས་འོས་འདེམས་བྱུང་བ་བཅུ་ནི། སྤེན་པ་ཚེ་རིང། ཐུབ་བསྟན་ལུང་རིགས། རྒྱལ་རོང་ཟླ་བ་ཚེ་རིང། སྒྲོལ་མ་མཚོ་མོ། སྒྲོལ་དཀར་ལྷ་མོ། བསོད་ནམས་རྒྱལ་མཚན། སྒྲོལ་དཀར་སྐྱབས། ཡེ་ཤེས་སྒྲོལ་མ། རྨོག་རུ་བསྟན་པ། རྒྱ་རིགས་ཐར། བཅས་ཡིན་པ་དང། ད་དུང་བརྒྱ་ཆ་ལོངས་པ་མི་གཉིས་ཡོད་འདུག
རྙིང་མ་པའི་སྤྱི་འཐུས་ནི་མཁན་པོ་བསོད་ནམས་བསྟན་འཕེལ་དང། རྒྱ་རི་བུ་ཕྲུག་གཉིས་རང་འཇགས་ཡིན་པ་དང། བཀའ་བརྒྱུད་པའི་སྤྱི་འཐུས། ཀརྨ་ཆོས་འཕེལ་དང། བསྟན་པ་ཡར་འཕེལ། ས་སྐྱ་པའི་སྤྱི་འཐུས་མཁན་པོ་ནོར་བུ་ཚེ་རིང། མཁན་པོ་ཆོས་གྲགས་རྒྱ་མཚོ། དགེ་ལུགས་ཀྱི་སྤྱི་འཐུས། རོང་པོ་བློ་བཟང་སྙན་གྲགས་དང། ཨ་ཀྲུག་ཚེ་བརྟན། གཡུང་དྲུང་བོན་གྱི་སྤྱི་འཐུས། དགེ་བཤེས་སྨོན་ལམ་མཐར་ཕྱིན་དང། དགེ་བཤེས་རྣམ་དག་གཙུག་ཕུད་གཉིས་བཅས་ཡིན་པ་རེད།
ཡུ་རོབ་ཀྱི་སྤྱི་འཐུས་ནི། དགེ་བཤེས་ཐུབ་བསྟན་དབང་ཆེན་དང། ཆུང་བདག་ཀོ་རིན་གཉིས་དང། ཨ་རིའི་སྤྱི་འཐུས། བདེ་སྐྱིད་ཆོས་དབྱངས་དང། ནོར་བུ་ཚེ་རིང། བཅས་འདེམས་ཐོན་བྱུང་ཡོད་པ་རེད།
སྐབས་འདིའི་སྤྱི་འཐུས་ཀྱི་འོས་འདེམས་ཁྲོད་སྤྱི་འཐུས་ནང་གསར་དུ་སླེབས་པ་གྲངས་༢༠ ཡོད་པ་དང། གྲྭ་པ་༡༣ བུད་མེད་༡༢ སླེབས་ཡོད་པ་རེད། སྐབས་འདིར་སྤྱི་འཐུས་ཡིན་བཞིན་པའི་ནང་ནས་པདྨ་འབྱུང་གནས་ས་སྐྱའི་སྤྱི་འཐུས་ནས་དབུས་གཙང་སྤྱི་འཐུས་སུ་སླེབས་ཡོད་པ་དང། ཀརྨ་ཆོས་འཕེལ་དབུས་གཙང་གི་སྤྱི་འཐུས་ནས་བཀའ་བརྒྱུད་ཀྱི་སྤྱི་འཐུས་སུ་སླེབས་ཡོད། དེ་བཞིན་དགེ་བཤེས་གཡུང་དྲུང་རྒྱལ་མཚན་བོན་པོའི་སྤྱི་འཐུས་ནས་མདོ་སྟོད་ཀྱི་སྤྱི་འཐུས་སུ་འདེམས་ཐོན་བྱུང་ཡོད་པ་རེད།།
{jcomments on}