རྔ་པ་ཀིརྟི་དགོན་པར་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་འདུག
དགོན་པའི་ཕྱི་ནང་ཀུན་ཏུ་པར་ལེན་འཕྲུལ་ཆས་དང་སྒྲ་ལེན་འཕྲུལ་ཆས་བཞགས་ཏེ་དགེ་འདུན་པ་རྣམས་ཀྱི་ཉིན་ཞག་ཕྲུག་གཅིག་གི་འགྲོ་འདུག་ཡོངས་རྫོགས་ལ་བྱ་ར་བྱས་ནས་ཡོད་པ་དང་། དགེ་འདུན་པ་ ༣༠༠ ལྷག་འཛིན་བཟུང་བྱས་པ་ནས་ཤུལ་ལུས་ཀྱི་དགོན་པའི་དགེ་འདུན་པ་རྣམས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བར་གཏན་ནས་སོང་མེད་པར་རང་རང་གི་གྲྭ་ཤག་ཏུ་མཚམས་བཅད་པ་ལྟར་བཞུགས་ཡོད་འདུག
རྒྱ་དམག་གིས་རྐྱེན་ལམ་དུ་བཏང་བའི་མཐའ་བ་གོང་མའི་ནང་ཡོད་པའི་དོན་ཁོ་ཚང་ཀིརྟིའི་དགོན་པ་དང་འདབས་འབྲེལ་དུ་ཡོད་ཀྱང་། ཀིརྟིའི་དགོན་པའི་གྲྭ་པ་གཅིག་ཀྱང་དགེ་སྒྲུབ་བྱེད་དུ་མ་བཏང་བས། དགོན་པ་གཞན་ནས་གྲྭ་པ་ཁ་ཤས་རེ་གདན་འདྲེན་བྱས་ཏེ་གཤིན་པོའི་འདས་མཆོད་སྒྲུབ་ཀྱིན་ཡོད་འདུག དེང་སང་འདས་གྲོངས་སུ་གྱུར་པའི་རྔ་པའི་མི་སུ་ཞིག་ཡིན་རུང་ཀིརྟིའི་དགོན་པའི་འདུ་ཁང་མདུན་གྱི་རྒྱུན་ལྡན་གྱི་ཕུང་པོ་འཇོག་སའི་རྡོ་ཐོག་དེར་ཕུང་པོ་འཇོག་ཙམ་བྱས་ཏེ་དགོན་པའི་སྐྱབས་ཞུས་ཁང་ལ་བསྔོ་རྟེན་རེ་བཞགས་ནས་དུར་སར་ཁུར་གི་ཡོད་ལ། འདས་པོའི་ཤུལ་ལུས་ཀྱི་འབྲེལ་ཡོད་མི་མང་རྣམས་རང་ཐོག་ལ་ཕ་མ་སྤུན་མཆེད་སོགས་གཉེན་འབྲེལ་གང་རུང་ཞིག་རང་ཉིད་གཏན་དུ་ཁ་གྱེས་པའི་སྡུག་བསྔལ་དང་། རང་གི་སྐྱབས་དང་མགོན་དང་དཔུང་གཉེན་དུ་གྱུར་པའི་དགོན་པའི་ནང་ཕུང་པོ་ཁུར་ནས་ཡོང་སྐབས་དགེ་འདུན་རྣམས་འཚོགས་ནས་སྨོན་ལམ་ཚིག་བཞི་ཞིག་ཀྱང་འདོན་དབང་མེད་པའི་དངོས་ཡོད་ཀྱི་གནས་སྟངས་དེ་མཐོང་སྐབས་གཅིག་ལས་གཅིག་ལྷག་གི་སྡུག་གི་ཁུར་བོ་ཆེན་པོ་གཉིས་ཀྱིས་ཡིད་སྐྱོ་གདུང་གིས་མནར་ཞིང་སེམས་ཁུངས་མཆི་མས་བཀང་ནས་ངུ་ཤུམ་བྱེད་བཞིན་དུར་སར་ཁ་ཕྱོགས་ཏེ་འགྲོ་གི་ཡོད་འདུག་ལ། འབྱོར་བ་ཅུང་ཙམ་ཡོད་པ་རྣམས་ཀྱིས་ས་གནས་དང་དགོན་པ་གཞན་པའི་ནང་སྨོན་ལམ་ཞུ་ཆེད་ཁུར་གྱིན་ཡོད་འདུག
དགོན་པའི་ཕྱི་ནང་གང་སར་པར་ལེན་འཕྲུལ་ཆས་བཞག་ཡོད་པས་དགོན་པའི་ནང་གི་ཉིན་རེའི་གནས་ཚུལ་གོ་དཀའ་བར་གྱུར་ཡོད་འདུག དེང་སྐབས་རྔ་པའི་ཉེན་རྟོག་པ་རྣམས་ཀྱིས་ གྲྭ་པ་དང་བོད་མི་རྫུན་མ་བཟོས་ནས་ཁྲབ་སྟོན་མང་པོ་བྱེད་ཀྱི་ཡོད་འདུག་ལ། ཕྱི་ཚུལ་དུ་དགོན་པའི་ཉེ་ཁྲིས་སུ་ཡོད་པའི་དམག་མི་རྣམས་ཀྱི་གནས་སྐབས་སྡོད་ཁང་དང་གུར་སོགས་ཤུལ་མེད་བཟོས་ཡོད་པ་འདི་ཡང་ཁྲབ་སྟོན་དེའི་ཆ་ཤས་ཤིག་ཡིན་འདུག། ཕྱི་ཚེས་ ༢༥ ཉིན་དེའི་གོང་དགེ་འདུན་པ་ ༣༠༠ ལྷག་འཛིན་བཟུང་བྱེད་སྐབས་མདུན་ནས་འགོག་མཁན་གྱི་མི་མང་ནང་ནས་མང་པོ་ཞིག་བཀག་ཉར་བྱས་ཡོད་པ་རྣམས་ལ་མི་རེས་ཉེས་ཆད་ལ་རྒྱ་སྒོར་གཅིག་སྟོང་རེ་ཁྱེར་ཡོང་ན་གཏོང་རྒྱུ་ཡིན་ཚུལ་བཤད་ཡོད་ཀྱང་མི་མང་གིས་ཉེས་མེད་ལ་ཉེས་ཆད་གཅོད་རྒྱུ། ཁྲིམས་མཐུན་ཞིག་དང་དྲང་བདེན་ཞིག་གཏན་ནས་མིན་ཚུལ་གྱི་གླེང་སློང་ཆེན་པོ་ཡོང་གི་ཡོད་འདུག་ཅེས་དྷ་སར་གནས་སྡོད་ཀ་ཉག་ཚེ་རིང་གིས་གནས་ཚུལ་འགྲེམ་སྤེལ་བྱས་འདུག །
{jcomments on}