རྒྱ་ནག་གིས་ཁམས་རྫ་ཁོག་ཏུ་མི་གསུམ་འཇུ་བཟུང་བྱས་འདུག
ནིའུ་རྫི་ལན་ཌི་ནང་ཡོད་པའི་རྫ་ཁོག་གྲྭ་བློ་བཟང་དཀོན་མཆོག་གིས་ཟླ་འདིའི་ཚེས་༢༨ ཉིན་ཁོང་ལ་གནས་ཚུལ་འབྱོར་བའི་སྐོར་མཁོ་སྤྲོད་བྱས་པ་ལྟར་ན། སྡེ་དགེ་རྫོང་རྫ་ཁོག་ཤང་མཐོང་འཇུག་གྲོང་ཚོའི་ནང་མཆོད་རྟེན་ཆེན་པོ་ཞིག་བཞེངས་ནས། ཡུལ་མི་ཚོས་གྲ་སྒྲིག་གིས་རབ་གནས་བྱེད་ལ་ཉེ་བའི་སྐབས། གློ་བུར་དུ་༧གོང་ས་མཆོག་བོད་ལ་ཕེབས་དགོས། ང་ཚོར་རང་དབང་དགོས། བོད་རང་བཙན་ཡིན་ཞེས་འཁོད་པའི་ཡི་གེ་བཀྲམ་ཡོད་པས། ས་གནས་རྒྱ་མིའི་ཉེན་རྟོག་པས་ཟླ་འདིའི་ཚེས་༢༦ ཉིན་ཡུལ་དེའི་བོད་མི་གསུམ་འཛིན་བཟུང་བྱས་ཡོད་པའི་ནང་ནས། བློ་བཟང་དཔལ་ལྡན་རང་ལོ་༣༠ ཡོལ་ཙམ་ཞིག་གིས་བོད་མི་ཚོར་ཉེན་བརྡུང་སོགས་མི་གཏོང་བའི་ཆེད་དུ་ཉེན་རྟོག་པར་ཡི་གེ་བཀྲམ་མཁན་ང་ཡིན་ཞེས་ངོས་ལེན་བྱས་ཡོད་རུང། ཡུལ་མི་མང་པོར་དོགས་ཟོན་གྱིས་ཉེན་རྟོག་པས་གཅར་རྡུང་བྱས་ཡོད་འདུག ཡི་གེ་བཀྲམ་པའི་ཉིན་དེར་བཙུན་མ་བྱམས་པ་མཚོ་འཛིན་བཟུང་བྱས་པའི་དུས་དང་ཡང་འཁེལ་ཡོད་པ་རེད།
ཕྱི་ལོ་༢༠༠༩ ལོར་ཡུལ་དེའི་གྲྭ་པ་༩ བཙོན་འཇུག་བྱས་ཡོད་པའི་ནང་ནས། ཉེ་དུས་བྱམས་པ་དབང་ཕྱུུག་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་རུང། སྐེད་པ་སོགས་ནད་པ་ཆགས་ནས་ད་ལྟའི་སྐབས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང། ཡུལ་མི་ཚོས་ཁོང་གི་ནད་གཞི་ལྗིད་པོ་ཡིན་པས་བཙོན་ནས་གློད་པ་རེད་ཅེས་བརྗོད་བཞིན་ཡོད་འདུག ད་ལྟའི་སྐབས་རྫ་ཁོག་གི་དགེ་འདུན་པ་མང་པོ་ཞིག་བཙོན་འཇུག་བྱས་ཡོད་རུང། ས་གནས་གང་དུ་བཀག་ཉར་དང་གནས་སྟངས་ཇི་ལྟར་ཆགས་ཡོད་མེད་ཤེས་རྟོགས་བྱུང་མེད་པ་རེད།
{jcomments on}