རྒན་དམ་པ་བློ་བཟང་རྒྱ་མཚོས་དགོས་པ་ཆེན་པོས་རིགས་སློབ་ཁང་འདི་བཙུགས་པ་རེད།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་དང་། ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས། སྤྱི་འཐུས་ཚོགས་གཙོ་ཚོགས་གཙོ་སྤེན་པ་ཚེ་རིང། བཀའ་ཟུར་རིན་ཆེན་མཁའ་འགྲོ། ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས། རྣམ་གྲྭ་མཁན་རིན་པོ་ཆེས་གཙོས་དགོན་སྡེ་ཁག་དང། ཚོགས་སྐྱིད་ཁག་གི་སྐུ་ཚབ་སོགས་འབྲེལ་ཡོད་མི་གྲངས་བརྒྱ་ཕྲག་འདུ་འཛོམས་བྱུང་ཡོད་པ་རེད།
དེ་ཡང་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་མཆོག་གིས་རིས་མེད་དགེ་བཤེས་ཐོན་མཁན་མི་གྲངས་བཅུ་ལ་ཕྱག་ཁྱེར་གནང་་བ་དང། ཤེས་རིག་བཀའ་བློན་མཆོག་གིས་རིས་མེད་སློབ་དཔོན་ཆེན་པོ་ཐོན་མཁན་རྣམས་ལ་རིས་མེད་སློན་དཔོན་ཆེན་པོའི་ཕྱག་ཁྱེར་གནང་། དེ་ནས་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་ཕྱི་དབུ་མ་རབ་འབྱམས་པ་ཐོན་མཁན་རྣམས་ལ་ཕྱག་ཁྱེར་དང། ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་མཐོ་རིམ་རིག་གནས་རབ་འབྱམས་པ་སྐབས་བཅུ་པ་ཐོན་མཁན་རྣམས་ལ་ཕྱག་ཁྱེར་གནང་ཡོད་པ་རེད། དེ་བཞིན་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབུ་མ་དང་རིག་གནས་རབ་འབྱམས་པའི་ཡིག་རྒྱུགས་སྐབས་ཨང་རིམ་རྩེར་སོན་རྣམས་ལ་གཟེངས་རྟགས་ཕྱག་ཁྱེར་གནང་ཡོད་པ་རེད།
བོད་ཀྱི་ནང་ཆོས་སློབ་སྦྱོང་གིས་དགེ་བཤེས་ཀྱི་ཕྱག་ཁྱེར་ཐོག་མར་ཐོབ་མཁན་ཇར་མན་བ་བཙུན་མ་སྐལ་བཟང་དབང་མོ་ལགས་ཀྱིས་གསུང་དོན། ༧གོང་ས་མཆོག་དང་དགེ་དམ་པ་བློ་བཟང་རྒྱ་མཚོ་མཆོག་གཙོས་པའི་དགེ་བའི་བཤེས་གཉེན་རྣམ་པ་དང་། ལས་བྱེད་སློབ་གྲོགས་ཚང་མའི་བཀའ་དྲིན་ལ་བརྟེན་ནས། ང་ལ་ནང་ཆོས་སློབ་སྦྱོང་གི་གོ་སྐབས་འདི་བྱུང་བས། གོ་སྐབས་འདི་བརྒྱུད་སློབ་གཉེར་ཁང་འདིའི་དགེ་བའི་བཤེས་གཉེན་རྣམ་པ་དང་ལས་བྱེད་སློབ་གྲོགས་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་ངོ་ལོ་བཅུ་དྲུག་རིང་ནང་ཆོས་སློབ་གཉེར་བྱས་པའི་བརྒྱུད་རིམ་གྱི་ངོ་སྤྲོད་གསུང་བཤད་གནང་ཡོད་པ་རེད།
ཤེས་རིག་བཀའ་བློན་མཆོག་གི་གསུང་དོན། མི་བཟང་པོ་དང་འཛམ་བུ་གླིང་ལ་ཕན་ཐོགས་མཁན་ཞིག་ཡོང་རྒྱུ་ནི། དེང་རབས་ཤེས་ཡོན་སློབ་སྦྱོང་གི་དམིགས་ཡུལ་མ་རེད། དེར་བརྟེན་མུ་མཐུད་ནས་སློབ་གཉེར་ཁང་འདིས་ཤུགས་སྣོན་རྒྱག་དགོས་པ་གལ་ཆེན་པོ་རེད། ལྷག་པར་དུ་ནང་ཆོས་དེ་སྐད་རིགས་གཞན་གྱི་ནང་བསྒྱུར་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད། ང་ཚོས་ནང་ཆོས་ཁྱབ་སྤེལ་བྱེད་ཀྱི་ཡོད་པ་མ་རེད། ནང་ཆོས་ཀྱི་བསླབ་བྱ་གཞན་ལ་ཐོབ་ཐབས་ཀྱིས་འཛམ་གླིང་ཞི་བདེ་དང་འཆམ་མཐུན་ལ་ནང་ཆོས་ལས་ལྷག་ཅིག་མེད་པ་ཤེས་སུ་འཇུག་དགོས་པ་རེད་ཅེས་སོགས་གསུངས་ཡོད་པ་རེད།
དེ་ནས་ཆོས་རིག་བཀའ་བློན་མཆོག་གིས་མཛད་སྒོའི་ཐོག་གསུང་བཤད་གནང་དོན། དེ་རིང་འདིར་རིགས་ལམ་སློབ་གྲྭ་ཆེན་མོའི་བསླབ་པ་མཐར་སོན་པ་དང་དེ་བཞིན་སྡེ་ཚན་སོ་སོའི་བསླབ་པ་མཐར་སོན་པའི་མཛད་སྒོར་ཕེབས་པའི་རྣམ་པ་ཚང་མར་ངས་བཙན་བྱོལ་བོད་གཞུང་དང་ཆོས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་ཚང་མར་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྒན་དམ་པ་མཆོག་གིས་རིགས་ལམ་སློབ་གྲྭ་འདི་དང་པོ་འཛུགས་སྐབས་དགོས་པ་དང་དམིགས་ཡུལ་ཆེན་པོ་ཞིག་གི་ཐོག་བཙུགས་གནང་བ་ཞིག་ཡིན་པ་གསལ་པོ་རེད། ཁོང་གིས་དམིགས་ཡུལ་གཞིར་བཟུང་རིགས་ལམ་སློབ་གྲྭར་སྐྱ་སེར་དང་ཕོ་མོ་དབྱེར་མེད་སྒོ་ནས་སློབ་སྦྱོང་གནང་སྟེ་ཕེབས་མཁན་དང་ད་ལྟར་སློབ་སྦྱོང་གནང་བཞིན་ཡོད་པ་རྣམས་ལ་བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་དང་ང་རང་སྒེར་ངོས་ནས་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་ཡོད་པ་རེད།།
འདྲ་པར་བོད་གཞུང་དྲ་བ་ནས་བཤུས།