མོན་གྷོ་རུ་གཞི་རྒྱ་ཆེ་བའི་མར་མེའི་ཁྲོམ་སྐོར།

candle_light_vigilམར་མེ་ཁྲོམ་སྐོར་ནང་དུ་འབྲས་སྒོ་མང་གྲྭ་ཚང་དང་བློ་གསལ་གླིང་། དེ་བཞིན་ར་སྟོད་གྲྭ་ཚང་། ས་སྐྱ་གྲྭ་ཚང་བཅས་ཀྱི་གྲྭ་མང་མཉམ་ཞུགས་བྱས་ཡོད་པ་དང།  ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་བོད་བསྟན་སྲིད་ཀྱི་ཆེད་སྐུ་གཤེགས་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱི་གཙོས་དཔའ་བོ་དཔའ་མོ་དག་གི་ཆེད་དུ་མྱ་ངན་ངག་བཅད་སྐར་མ་གཅིག་རིང་གནང་རྗེས། གོ་སྒྲིག་གནང་མཁན་འབྲས་སྒོ་མང་དགེ་བསྐོས་བློ་བཟང་དགེ་ལེགས་མཆོག་ནས་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་དགོས་དོན་སྐོར་ལ་ངོ་སྤྲོད་གནང་དོན། ཟླ་སྔོན་མའི་ཕྱི་ཚེས་༡༦ ཉིན་རྔ་བ་ཀིརྟི་དགོན་པའི་རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་ལགས་ཀྱི་བོད་བསྟན་སྲིད་མི་རིགས་དང་བཅས་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་བློས་བཏང་གནང་བ་ནས་བཟུང་།  རྔ་པ་ཀིརྟི་དགོན་པའི་གྲྭ་པ་ཚོར་འགྲོ་འདུག་གི་རང་དབང་སྤུ་རྩེ་ཙམ་མེད་པ་མ་ཟད། ཉེ་བའི་ཆར་གྲྭ་སུམ་བརྒྱ་ལྷག་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད།

ད་ལྟ་ཁོང་ཚོ་ཤི་གསོན་གང་ཡིན་ཙམ་ཡང་ཤེས་རྟོགས་སུ་གང་ལ་ཡོད་པ་མ་རེད། དེ་བཞིན་རྒྱ་གཞུང་གིས་ཀིརྟི་དགོན་པའི་ཉེ་འཁོར་བོད་མི་ཚོ་ཡང་དམར་གསོད་དང་ཚད་ལས་བརྒལ་བའི་ཉེས་རྡུང་ཁྲིམས་ཆད་ཚབས་ཆེན་གཏོང་བཞིན་ཡོད་པ་སོགས་མྱུར་དུ་མཚམས་འཇོག་བྱེད་ཆེད་དང་། གཞན་ཡང་བོད་ནང་ལོགས་སུ་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་། ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་སོགས་གང་ཡང་མེད་ལ་སེམས་ཅན་དུད་འགྲོ་ནང་བཞིན་རྒྱ་དམར་གྱི་བཙན་འོག་ན་ཡོད་པའི་གཞིས་བཞུགས་སྤུན་ཟླ་ཚོར་ཐ་ན་སོ་སོའི་ཚེ་སྲོག་གི་རང་དབང་ཙམ་ཡང་མེད་པ་དེ་འཛམ་གླིང་རྒྱལ་སྤྱིའི་སྤྱི་ཚོགས་ནང་མཁྱེན་རྟོགས་ཡོང་ཆེད་དང་། ཁོང་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་འདི་ལྟར་མར་མེ་ཁྲོམ་སྐོར་གོ་སྒྲིག་ཞུས་པ་ཡིན་ཅེས་འགྲེལ་བརྗོད་གནང་སོང་།

དེ་བཞིན་རང་བདེན་ཚོགས་གཙོ་བློ་བཟང་ཕན་བདེ་ལགས་ཀྱིས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང་དོན། ང་ཚོར་རང་དབང་ལུང་པར་ཡོད་མཁན་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ཚོར་བ་ཡོད་པའི་སྒོ་ནས་ཆིག་སྒྲིག་ཐོག་རང་འགན་རང་ཁུར་གྱི་སྒོ་ནས་ལས་འགུལ་ནང་མཉམ་ཞུགས་བྱེད་དགོས་པ་དང་། དེ་ཡང་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་འདི་ཙམ་གྱི་འཐུས་པར་མི་བྱེད་ཅིང་དགོན་པ་གྲྭ་ཚང་དང་ཚོགས་སྡེ་ཁག་གིས་སྣེ་ཁྲིད་དང་དཔལ་འབྱོར་གྱི་མཐུན་རྐྱེན་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ཆེ་ཁག་ལ་ཆེད་དུ་ཕེབས་ནས་འཛམ་གླིང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་གཞིས་ལུས་བོད་མིའི་བདེ་སྡུག་མཐོང་ཐོས་ཐུབ་པའི་ལས་འགུལ་རིགས་སྤེལ་ཐུབ་ཐབས་ལ་འབད་བརྩོན་བྱེད་རྒྱུ་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་སོང་།།

{jcomments on}

མོན་གྷོ་གསར་འགོད་པས།