ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པས་བློ་བཟང་སེང་གེར་འཚམ་འདྲི་ཞུས་པ།
འཚམ་འཕྲིན་དེའི་ནང་འཁོད་པ་ལྟར་ན། བཙན་བྱོལ་བོད་གཞུང་གི་སྐབས་གསུམ་པའི་བཀའ་བློན་ཁྲི་པར་སྐུ་ཞབས་བློ་བཟང་སེང་གེ་འདེམས་ཐོན་བྱུང་འདུག ཐེངས་འདིའི་འོས་བསྡུ་ནི་བོད་ཀྱི་མང་གཙོའི་འཕེལ་རིམ་ནང་གི་གལ་གནད་ཆེ་བའི་རྡོ་རིང་ཞིག་ཡིན་པར་བརྟེན། མང་གཙོ་ཡར་ཐོན་ཚོགས་པས་སྐབས་གསུམ་པའི་བཀའ་བློན་ཁྲི་པར་སྐུ་ཞབས་བློ་བཟང་སེང་གེ་ལགས་འོས་འདེམས་བྱུང་བར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག བོད་མི་མང་གིས་མང་གཙོའི་ལམ་སྲོལ་ཐོག་ནས་གཞུང་གི་འགོ་ཁྲིད་འདེམས་བསྐོ་གནང་བར་དགའ་མགུ་ཡི་རང་ཡོད། ད་རེས་ཀྱི་འོས་བསྡུའི་གྲུབ་འབྲས་དེ་བཙན་བྱོལ་བོད་གཞུང་གི་རྒྱལ་ཁ་ཡིན་པ་མ་ཟད། བོད་མི་མང་གི་རྒྱལ་ཁ་ཞིག་ཀྱང་ཡིན། བོད་མིའི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་རིང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། རང་དབང་རྩོད་ལེན་སོགས་ཀྱི་ཐོག་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་ཡོད།
མ་ཟད་ཐེ་ཝན་དུ་ཆིབས་བསྒྱུར་ལན་མང་བསྐྱངས་ཏེ། ཐེ་ཝན་མི་མང་དབར་མཛའ་བརྩེའི་འབྲེལ་ལམ་གཏིང་ཟབ་འཛུགས་གནང་མཛད་པ་མ་ཟད། ཐེ་ཝན་ནང་ཆུ་ལོག་གི་གནོད་འཚེ་བྱུང་སྐབས། ༸གོང་ས་མཆོག་འཕྲལ་མར་ཐེ་ཝན་དུ་ཕེབས་ཏེ་གནོད་འཚེ་ཕོག་ཡུལ་དུ་ཐུགས་སྨོན་གནང་ཡོད་པ་རེད། བཀའ་ཁྲི་བློ་བཟང་སེང་གེ་ལགས་སུ་གོ་སྐབས་བྱུང་ན་ཐེ་ཝན་དུ་འཚམས་གཟིགས་ལ་ཕེབས་ནས་ཐེ་བོད་བར་གྱི་འབྲེལ་ལམ་སྔར་ལྷག་དམ་ཟབ་གཏོང་བའི་རེ་བ་ཡོད་ཅེས་དང། དེ་བཞིན་ཐེ་ཝན་མང་གཙོ་ཚོགས་པའི་ངོས་ནས་བོད་མི་མང་གིས་མང་གཙོ་དང་རང་དབང་རྩོད་ལེན་བྱས་དང་བྱེད་མུས་ཡིན་པར་རྒྱབ་སྐྱོར་ཡོད་ཅེས་སོགས་འཁོད་ཡོད་པ་རེད།
མཇུག་ཏུ་ཐེ་ཝན་གོ་མིན་ཏང་གཞུང་ལ་འབོད་སྐུལ་ཞིག་ཞུས་ཡོད་པ་ནི། བཙན་བྱོལ་བོད་གཞུང་དེ་མང་གཙོ་ཅན་དུ་བསྐྱོད་བཞིན་པའི་གལ་ཆེའི་དུས་སྐབས་འདི་དང་བསྟུན་ནས། མང་གཙོ་ཡར་ཐོན་ཚོགས་པས་མཱ་ཡིང་ཇུའི་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་སྐོར་རྒྱ་ནག་དང་བསམ་ཚུལ་བརྗེ་ལེན་བྱེད་དགོས་ཤིང་། བོད་ཀྱི་མང་གཙོར་རྒྱབ་སྐྱོར་བྱེད་དགོས་པ་ལས། རྒྱ་ནག་ལ་ཕོག་ཐུག་འགྲོ་དྭོགས་ཀྱིས་བོད་དོན་སྐོར་གཡོལ་ཐབས་བྱས་ཏེ། རྒྱལ་སྤྱིའི་ཐོག་ཐེ་ཝན་ལ་མིང་ཤས་ངན་པ་ཡོང་བའི་རྒྱུ་རྐྱེན་བཟོ་མི་རུང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།།
{jcomments on}