ཀིརྟི་དགོན་པའི་གྲྭ་པ་བཞི་བཀག་ཉར།
གྲྭ་པ་གཞན་རྣམས་ཀྱི་མིང་སོགས་གསལ་པོ་ཤེས་རྟོགས་མ་བྱུང་བ་དང་། གང་དུ་ཁྲིད་ཡོད་མེད་སོགས་ཀྱང་ཤེས་མི་འདུག
དེ་མིན་ཉིན་ཤས་སྔོན་ལ་རྔ་པ་རྫོང་གཅའ་ཞང་ནག་ཚང་མ་སྡེ་བའི་རྣམ་མཁྱེན་ཚང་གི་ཚེ་རིང་དགྲ་འདུལ་དེ་སྔོན་མེ་ཡིས་ཚིག་པའི་གྲྭ་ཕུན་ཚོགས་ཀྱི་སྐུ་ཕུང་དགོན་པའི་ནང་ཁྱེར་མཁན་གྱི་དོགས་གཞིའི་འོག་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག ནམ་རྒྱུན་ལྟར་ཁོང་འཛིན་བཟུང་བྱས་རྗེས་གར་ཡོད་ཀྱི་གནས་སྟངས་སོགས་སུས་ཀྱང་ཤེས་རྟོགས་ཡོང་གི་མེད་འདུག
དེ་སྔོན་ཕྱི་ཚེས་ ༢༡ གི་མཚན་མོ་དགེ་འདུན་པ་ ༣༠༠ ལྷག་བཙན་ཁྲིད་བྱེད་སྐབས་དགོན་པའི་འདུ་ཁང་ནང་ལ་གྲྭ་པ་སྦས་སྐུང་བྱས་ཡོད་ཚུལ་བརྗོད་དེ། སྒོ་ཆེན་གཏོར་ཡོད་འདུག་ལ། སྒོ་ལ་ཟ་བརྒྱབ་ཡོད་པའི་གྲྭ་ཤག་ཚང་མའི་སྒོ་ཟ་གཏོར་ཡོད་འདུག
ཕྱི་ཚེས་ ༢༢ ཉིན་ནས་དགེ་འདུན་པ་རྣམས་རྒྱལ་གཅེས་ཆོས་གཅེས་སློབ་གསོ་ཟེར་བའི་ལས་འགུལ་ནང་མཉམ་ཞུགས་གནང་གི་མེད་པ་དང། རྒྱ་གཞུང་གིས་ཕྱི་ལ་ཁྱབ་བསྒྲགས་བྱེད་རྒྱུར་དམིགས་ཏེ་དགེ་འདུན་པ་རྣམས་དམ་བསྒྲགས་བཀག་བསྡོམས་ཡོད་མུས་ལ་མི་གྲོངས་པ་ཁག་དགོན་པའི་ནང་དུ་སླེབས་ན་སྨོན་ལམ་གསུང་དགོས་པའི་བཀའ་བཏང་ཡོད་ཀྱང་། དགེ་འདུན་པ་རྣམས་འཚོགས་ལ་ཡོང་གི་མེད་འདུག ཕྱི་ཚེས་ ༢༧ ཉིན་ནས་རྒྱ་གཞུང་གིས་བཤད་དོན་དགོན་པའི་ནང་མི་ཤི་བའི་ཕུང་པོ་སླེབས་སྐབས་ཚོགས་མ་འཚོགས་ན་དགོན་པ་རྩ་མེད་བཟོ་ཡི་ཡིན་ཟེར་ནས་སྡུག་ར་བསྐུལ་འདུག་ལ། གནད་དོན་དེར་དཀའ་རམས་པ་འཛིན་གྲྭ་རྣམས་ཀྱིས་གྲོས་བསྡུར་བྱས་ཏེ། དེ་ལྟར་འཚོགས་རྒྱུ་བྱས་མོད་གྲྭ་གཞོན་རྣམས་ཀྱིས་དེ་ལ་ངོས་ལེན་བྱེད་ཀྱི་མེད་འདུག རྒྱུ་མཚན་ནི་རྒྱ་གཞུང་གིས་དེ་ལྟར་བྱེད་དོན་ཁོ་རང་ཚོ་ལ་ལག་ཆར་དགོས་མཁོ་ཡོད་པ་མ་གཏོགས་ང་ཚོ་ལ་བསམ་ཤེས་བྱས་པ་དེ་འདྲ་གཏན་ནས་མ་རེད་ཟེར་བཞིན་ཡོད་འདུག
དེ་སྔོན་ཕྱི་ཚེས་ ༢༡ ཉིན་འཛིན་བཟུང་བྱས་པའི་གྲྭ་པ་རྫོང་ཁག་གཞན་ནས་ཡིན་པ་རྣམས་ཀྱི་ནང་མི་ཉེ་འབྲེལ་སོགས་རྔ་པ་རྫོང་ལ་ཁ་མཆུ་རྒྱག་ཏུ་ཡོང་ཡོད་འདུག་ལ། ཕྱི་ཚེས་ ༢༩ ཉིན་གཅིག་སྒྲིལ་རྫོང་ཁང་སར་མའི་སྡེ་མི་རླངས་འཁོར་ཆུང་བ་ཉི་ཤུ་ཡས་མས་རྔ་པ་རྫོང་ལ་ཡོང་ཡོད་མོད། རྔ་པའི་དམག་མི་རླངས་འཁོར་ཆེ་བ་ ༡༠ མདུན་དུ་སོང་སྟེ་བཀག་པ་དང། གཅིག་སྒྲིལ་རྫོང་གི་ཉེན་རྟོག་པར་རྩིས་སྤྲད་དེ་རྔ་པ་རྫོང་སྲིད་གཞུང་དང་བར་ཐག་སྤྱི་ལེ་ ༥ ཙམ་གྱི་ས་ནས་ཁ་ཕྱིར་བསྐོར་ཡོད་འདུག་པས། རྔ་པ་རྫོང་ལ་ཁ་མཆུ་རྒྱག་ཐུབ་མེད་འདུག ཁོང་ཚོས་བཤད་དོན་ཉེས་མེད་མང་པོ་ཞིག་འདི་ལྟར་འཛིན་དགོས་པའི་རྒྱུ་མཚན་དགོས་ལ། དེ་ལྟར་མེད་པ་ན་ད་ལྟ་རང་གློད་གྲོལ་གཏོང་དགོས་ལུགས་ཀྱི་སྐད་ཆ་བཤད་བཞིན་ཡོད་འདུག
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༩ ཉིན་འགྲེམས་སྤེལ་བྱས།