སྦེལ་ཀོབ་དུ་དཔའ་བོའི་ཉིན་མོ་སྲུང་བརྩི་བྱས་པ།
ཉིན་དེར་མི་མང་ཉིས་བརྒྱ་ལྷག་འདུ་འཛོམས་བྱུང་ཡོད་པ་དང་། མི་མང་རྣམས་ཀྱིས་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་རྗེས། མགོ་བོ་དུད་ཅིང་ངག་བཅད་བྱས་ནས་བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་སྲོག་ཤོར་བའི་རྒྱལ་སྤྱིའི་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་བླ་ན་མེད་པའི་མཛད་རྗེས་དང་ཞུམ་པ་མེད་པའི་སྙིང་སྟོབས་ལ་རྗེས་དྲན་བྱས་ཡོད་པ་རེད། ད་དུང་རྒྱ་གར་ལྷོ་ཕྱོགས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་པེ་ཀེ་དྷ་བེ་ཡ་ལགས་སྐུ་གྲོངས་པར་མྱ་ངན་རྗེས་དྲན་བྱས་སོང་།
སྐུ་མགྲོན་གཙོ་བོ་ས་གནས་གཞོན་ནུའི་སློབ་སྟོན་པ་རྒན་བློ་བཟང་རྡོ་རྗེ་ལགས་ཀྱིས་“ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་སྲོག་ཤོར་བའི་རྒྱལ་སྤྱིའི་བོད་ཀྱི་དཔའ་བོའི་རྗེས་དྲན་འདིར་མཉམ་ཞུགས་བྱེད་རྒྱུ་དང་། དཔའ་བོ་ཕོ་མོ་རྣམས་ལ་རྗེས་དྲན་བྱེད་རྒྱུ་ང་ཚོའི་ལས་འགན་རེད། འདས་པའི་བོད་ཀྱི་གནས་ཚུལ་ནང་དུ་༡༩༥༩ ནས་བོད་མི་འབུམ་ཕྲག་བཅུ་གཉིས་ལྷག་གི་ཚེ་སྲོག་ཤོར་བ་རེད་ཅེས་ང་ཚོས་གླེང་གི་ཡོད་རེད་ལ། དེ་ལས་ཀྱང་༡༩༤༩ ལོ་ནས་བོད་ཤར་ཕྱོགས་ནས་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱེད་པའི་སྐབས་སུ་ཁམས་ཕྱོགས་ཀྱི་དཔའ་བོ་ཕོ་མོ་མང་པོས་རྒྱ་ནག་དང་འཐབ་རྒོལ་བྱས་ནས་མི་གཅིག་ལས་མ་ལྷག་ཀྱང་ད་དུང་རྒྱ་དམག་ལ་འཐབ་འཛིང་བྱས་པའི་གནས་ཚུལ་ཡོད་པ་རེད་ལ། ལྷག་པར་ཆུ་སྒང་བསྟན་སྲུང་དང་བླང་དམག་དབུ་བརྙེས་པ་ནས་མདོ་ཁམས་ཡུལ་ཀྱི་དཔའ་བོ་ཧ་ཅང་མང་པོས་བོད་ཀྱི་བསྟན་པ་ཆབ་སྲིད་སྲུང་སྐྱོབ་དང་། ༸རྒྱལ་བ་རིན་པོ་ཆེའི་སྐུའི་ཉེན་སྲུང་བྱས་ནས་སྐུ་སྲོག་དོར་ཡོད་པ་རེད། གནས་ཚུལ་འདི་དག་ལ་ང་ཚོས་དེ་རིང་རྗེས་དྲན་བྱེད་བྱེད་དགོས་པ་ཧ་ཅང་གལ་ཆེན་རེད།”ཅེས་རྒྱལ་སྤྱིའི་བོད་ཀྱི་དཔའ་བོ་ངོས་འཛིན་དང་དེ་དག་ལ་རྗེས་དྲན་བྱེད་རྒྱུ་ནི་རྒྱལ་སྤྱིའི་གནས་བབ་ཐོག་ནས་གལ་ཆེན་ཡིན་པ་དང་། བོད་པ་རྣམས་ཀྱི་ལས་འགན་ཡིན་པའི་གཏམ་བཤད་སྤེལ་ཡོད་པ་རེད།
དེ་བཞིན་དེང་སྐབས་བོད་ནང་གི་གནས་ཚུལ་ཛ་དྲག་ཡིན་པ་དང་། རྔ་པ་ཀིརྟི་དགོན་པའི་དཀའ་སྡུག་གི་གནས་ཚུལ་ལ་གདུང་སེམས་མཉམ་བསྐྱེད་བྱས་ཡོད་པ་དང་། དེའི་ཆེད་དུ་དབུས་གཞོན་ནུའི་བཀོད་ཁྱབ་ལྟར་ས་གནས་གཞོན་ནུའི་ཟས་བཅད་ངོ་རྒོལ་ཞིག་འགྲོ་བཞིན་པར་མི་མང་དང་སྒྲིག་འཛུགས་ཁག་མཉམ་ཞུགས་བྱེད་བཞིན་ཡོད་པའི་གསལ་བསྒྲགས་ཞིག་ཀྱང་སྤེལ་སོང།།
མེ་སོར་གསར་འགོད་པས།
{jcomments on}