ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང༌། སཱརནཱཐ། ཝཱརཱཎསི།
ཝཱཎ་དབུས་བོད་ཀྱི་སློབ་གཉེར་ཁང་དུ་ཕྱི་ལོ་ ༢༠༠༨ ལོར་སྒྱུ་རྩལ་སྡེ་ཚན་གསར་འཛུགས་བྱས་པ་ལྟར། སློབ་དུས་ ༢༠༡༡-༢༠༡༢ རིང་གི་སྒྱུ་རྩལ་སྔོན་འགྲོ་ལོ་དང་པོའི་ནང་འཛུལ་ཞུགས་བྱ་རྒྱུའི་འཛུལ་རྒྱུགས་ ༢༠༡༡ ཕྱི་ཟླ་ ༦ ཚེས་ ༢༧། ༢༨། ༢༩ བཅས་སོ་སོར་ཝཱཎ་གཙུག་ལག་སློབ་གཉེར་ཁང་དུ་གཏོང་གཏན་འཁེལ་བ་ཡིན། འཛུལ་རྒྱུགས་ཐོན་རིགས་ཁོངས་ནས་སྒྲིག་གཞི་གཞིར་བཟུང་རི་མོ་དང་ཤིང་བརྐོས་ནང་སློབ་གཉེར་བ་ལྔ་རེ་སློབ་འཇུག་བྱ་རྒྱུ་ཡིན། དེ་ཡང་རི་མོ་དང་ཤིང་བརྐོས་ཆེད་སྔོན་འགྲོ་ལོ་གཉིས་དང་དེ་རྗེས་སྒྱུ་རྩལ་བསྟན་བཅོས་ལོ་རིམ་གསུམ་དང་སྒྱུ་རྩལ་སློབ་དཔོན་ལོ་རིམ་གཉིས་བཅས་ཡོད། སྒྱུ་རྩལ་གྱི་སློབ་ཚན་ཁག་ནི་རི་མོ་དང་ཤིང་བཟོའི་སྦྱོང་བརྡར་སྤྲོད་རྒྱུ་ཙམ་མིན་པར་སློབ་ཚན་གཞན་ཁག་ཀྱང་ཡོད་པ་གཤམ་གསལ་ལྟར་ཡིན། དེ་ལྟར་བཀོད་སྒྲིག་བྱེད་དགོས་དོན་ནི་སྒྱུ་རྩལ་ཙམ་མིན་པར་ཆ་རྐྱེན་གཞན་དུ་མ་ཞིག་དང་ལྡན་པའི་སྒྱུ་རྩལ་བ་ཞིག་ཏུ་འགྱུར་རྒྱུར་དམིགས་པ་ཡིན་པས་འབྲེལ་ཡོད་རྣམས་ཀྱི་གཤམ་གསལ་དོན་གནས་ཁག་ལ་ཐུགས་སྣང་གིས་འབྲེལ་བ་གནང་ཆོག་པ་ཡིན།
སློབ་ཚན་ཁག
༡། རི་མོའམ་ཤིང་བརྐོས་སྒྱུ་རྩལ། ༢། སྒྱུ་རྩལ་གྱི་ལོ་རྒྱུས་དང་ལྟ་གྲུབ། ༣། བོད་ཀྱི་བརྡ་སྤྲོད་དང་སྙན་ངག
༤། ནང་ཆོས་དང་ལྟ་གྲུབ། ༥། དབྱིན་ཇིའམ་ཧིནདིའི་སྐད་གང་རུང༌།
སློབ་རིམ་དེར་སློབ་འཇུག་ཆ་རྐྱེན་ཚང་དགོས་རིགས།
༡ ཞུགས་བློ་ཡོད་རིགས་ཀྱི་སློབ་གཉེར་བ་རྣམས་རྒྱ་གར་དབུས་གཞུང་ངམ་མངའ་སྡེ་གཞུང་གི་རྒྱུགས་སྤྲོད་ལྷན་ཚོགས་ནས་འཛིན་རིམ་བཅུ་པ་ཐོན་པའམ། དེ་མིན་ངོས་འཛིན་ལྡན་པའི་གཞི་རིམ་སློབ་གྲྭ་ཞིག་ནས་འཛིན་རིམ་བཅུ་པ་མཐར་སོན་པ།
༢ འཛིན་རིམ་བཅུ་པའི་སློབ་ཚན་ནང་བོད་སྐད་མེད་ཀྱང་འཛིན་རིམ་བཅུ་པ་ཐོན་ཅིང་བོད་སྐད་ཤེས་ཚད་འཛིན་རིམ་བཅུ་པ་དང་མཉམ་པར་ཡོད་པའི་ཤེས་རིག་སྡེ་ཚན་ཞིག་ནས་རྒྱབ་གཉེར་ཡོད་པ་དང༌། དབྱིན་ཧིན་གང་རུང་གཅིག་གི་ཤེས་ཚད་ཀྱང་འཛིན་རིམ་བཅུ་པ་དང་མཉམ་པ།
༣ ཞུགས་འདོད་ཡོད་རིགས་རྣམས་གོང་གསལ་བརྡ་སྤྲོད། རིག་གནས། སྐད་ཡིག སྒྱུ་རྩལ་གྱི་ལྟ་གྲུབ་བཅས་ཀྱི་ཆ་རྐྱེན་དང་སྦྲགས་སྒྱུ་རྩལ་སྦྱོང་འདོད་ཀྱི་འདུན་པ་ཤུགས་དྲག་ཡོད་པ།
༤ རྒྱ་གར་མཐོ་སློབ་མཐུན་སྦྱིན་ལྷན་ཚོགས་ཀྱི་ལམ་སྟོན་གཞིར་བཟུང་ཟུར་ཐོར་བཀོད་པའི་མི་རིགས་དང་མི་སྡེ། དབང་པོ་སྐྱོན་ཅན་བཅས་ཀྱི་ས་མིག་གི་ཆ་རྐྱེན་ཡང་སྤྱི་མཚུངས་ཡོད།
གོང་གསལ་སྡེ་ཚན་དུ་ཞུགས་བློ་ཡོད་རིགས་ཀྱི་སློབ་གཉེར་བ་ཕོ་མོ་ཁྱད་མེད་ཆ་རྐྱེན་ཚང་རིགས་རྣམས་ནས་གསར་ཞུགས་སྙན་ཞུའི་འགེངས་ཤོག་དང༌། འཛུལ་རྒྱུགས་སློབ་ཚན་བཅས་འདི་གའི་ལས་ཁུངས་སུ་ཧིན་སྒོར་༥༠།༠༠ ཕུལ་ཏེ་དངོས་སུ་བཞེས་པའམ་སྦྲག་བརྒྱུད་ཧིན་སྒོར་ ༥༠།༠༠ དངུལ་ཁང་གི་ཌབ་འཛིན་གཙུག་ལག་སློབ་ཁང་གི་རིགས་དྲུང་མཚན་ཐོག་བཟོས་ཏེ་ཕུལ་འབྱོར་བྱུང་མ་ཐག་འདི་ནས་ཁུངས་སོ་སོར་གཏོང་རྒྱུ་ཡིན། འགེངས་ཤོག ༢༠༡༡ ཕྱི་ཟླ་༤ ཚེས་༢༠ ནས་བཞེས་ཆོག རྒྱུགས་སྤྲོད་ཨང་ཐོབ་དང༌། གཞན་ཡང་འབྲེལ་ཡོད་ལག་འཁྱེར། ཟུར་ཐོར་བཀོད་པའི་མི་རིགས་དང་མི་སྡེ། དབང་པོ་སྐྱོན་ཅན་གང་རུང་ཡིན་ཚེ་དེའི་ལག་འཁྱེར་དང་བཅས་སྙན་ཞུ་འགེངས་ཤོག་མ་ལུས་པར་བཀང་སྟེ་ ༢༠༡༡ ཕྱི་ཟླ་ ༦ ཚེས་ ༡༠ ཚུན་འདི་གའི་རིགས་དྲུང་ལས་ཁུངས་སུ་འབྱོར་བ་དགོས་རྒྱུ་དང༌། རྗེས་ལུས་གྱུར་ཚེ་འགྱངས་ཆད་ཧིན་སྒོར་༢༥ དང་སྦྲགས་༢༠༡༡ ཕྱི་ཟླ་༦ ཚེས་༡༥ ཚུན་འདི་གར་ངེས་པར་འབྱོར་དགོས། འགེངས་ཤོག་ཚད་ལྡན་མ་བཀང་བ་དང༌། གོང་གསལ་དུས་བཀག་གི་ཚེས་གྲངས་ལས་འདས་རྗེས་སུ་འབྱོར་བའི་སྙན་ཞུའི་རིགས་ལ་བསམ་ཞིབ་བྱ་རྒྱུ་མིན་ཞིང། སྙན་ཞུའི་འགེངས་ཤོག་དོད་ཕྱིར་སློག་བྱ་རྒྱུ་མིན་པ་བཅས་ཀྱི་གསལ་བསྒྲགས་སུ། ཝཱཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་རིགས་དྲུང་གིས་ཕྱི་ལོ་༢༠༡༡ ཕྱི་ཟླ་༤ ཚེས་༡༨ ལ།
ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཕྱི་ལོ་ ༢༠༡༡-༢༠༡༢ སློབ་དུས་རིང་གཤམ་འཁོད་སློབ་རིམ་ནང་འཛུལ་ཞུགས་བྱ་རྒྱུའི་འཛུལ་རྒྱུགས་ ༢༠༡༡ ཕྱི་ཟླ་ ༦ ཚེས་ ༢༧ དང་ཚེས་ ༢༨ ལ་ཝཱཎ་གཙུག་ལག་སློབ་གཉེར་ཁང་དུ་གཏོང་གཏན་འཁེལ་བ་ཡིན།
ནང་པའི་ལྟ་གྲུབ་ཀྱི་དབུ་མ་འོག་མ་ལོ་དང་པོ། ས་མིག ༥༡
སློབ་རིམ་དེར་སློབ་འཇུག་ཆ་རྐྱེན་ཚང་དགོས་རིགས།
གལ་གནད་ཆེ་ཤོས་ཞིག་ནི། ནང་པའི་ལྟ་གྲུབ་དང་བོད་ཀྱི་རིག་གཞུང་ལ་སློབ་གཉེར་བྱ་རྒྱུའི་འདུན་པ་ཤུགས་དྲག་ཡོད་པ་ཞིག་དགོས། དེ་རྗེས་གཤམ་གསལ་ཆ་རྐྱེན་རྣམས་ཀྱང་ཚང་དགོས།
༡ ངོས་འཛིན་ལྡན་པའི་གཞི་རིམ་སློབ་གྲྭ་ཞིག་ནས་འཛིན་རིམ་བརྒྱད་པ་ཡང་དག་པར་ཐོན་ཞིང༌། འཛིན་རིམ་བརྒྱད་པའི་སློབ་ཚན་ནང་བོད་སྐད་མེད་ཀྱང་འཛིན་རིམ་བརྒྱད་པ་ཐོན་ཞིང་བོད་སྐད་ཤེས་ཚད་འཛིན་རིམ་བརྒྱད་པ་དང་མཉམ་པ་ཡོད་པའི་ཤེས་རིག་སྡེ་ཚན་ཞིག་ནས་རྒྱབ་གཉེར་ཡོད་པ་དང༌། དབྱིན་ཇི་ཧིནྡཱི་གང་རུང་གི་ཤེས་ཚད་ཀྱང་འཛིན་རིམ་བརྒྱད་པ་དང་མཉམ་པ་ཡོད་རིགས་འཛུལ་རྒྱུགས་ནང་ཞུགས་ཆོག
༢ འཛུལ་རྒྱུགས་ཐོན་རིགས་ནས་སྒྲིག་གཞི་གཞི་བཟུང་གྲངས་ཚད་ངེས་ཅན་ཞིག་སློབ་འཇུག་བྱ་རྒྱུ།
༣ རྒྱ་གར་མཐོ་སློབ་མཐུན་སྦྱིན་ལྷན་ཚོགས་ཀྱི་ལམ་སྟོན་གཞིར་བཟུང་ཟུར་ཐོར་བཀོད་པའི་མི་རིགས་དང་མི་སྡེ། དབང་པོ་སྐྱོན་ཅན་བཅས་ཀྱི་ས་མིག་གི་ཆ་རྐྱེན་ཡང་སྤྱི་མཚུངས་ཡོད།
གོང་གསལ་སློབ་ཚན་ནང་འཛུལ་བློ་ཡོད་རིགས་ཀྱི་སློབ་གཉེར་བ་ཕོ་མོ་ཁྱད་མེད་ཆ་རྐྱེན་ཚང་རིགས་རྣམས་ནས་གསར་ཞུགས་སྙན་ཞུའི་འགེངས་ཤོག་དང༌། འཛུལ་རྒྱུགས་སློབ་ཚན་བཅས་འདི་གའི་ལས་ཁུངས་སུ་ཧིན་སྒོར་ ༥༠།༠༠ ཕུལ་ཏེ་དངོས་སུ་བཞེས་པའམ་སྦྲག་བརྒྱུད་ཧིན་སྒོར་ ༥༠།༠༠ དངུལ་ཁང་གི་ཌབ་འཛིན་གཙུག་ལག་སློབ་ཁང་གི་རིགས་དྲུང་མཚན་ཐོག་བཟོས་ཏེ་ཕུལ་འབྱོར་བྱུང་མ་ཐག་འདི་ནས་ཁུངས་སོ་སོར་གཏོང་རྒྱུ་ཡིན། འགེངས་ཤོག ༢༠༡༡ ཕྱི་ཟླ་ ༤ ཚེས་ ༢༠ ནས་བཞེས་ཆོག རྒྱུགས་སྤྲོད་ཨང་ཐོབ་དང༌། གཞན་ཡང་འབྲེལ་ཡོད་ལག་འཁྱེར། ཟུར་ཐོར་བཀོད་པའི་མི་རིགས་དང་མི་སྡེ། དབང་པོ་སྐྱོན་ཅན་གང་རུང་ཡིན་ཚེ་དེའི་ལག་འཁྱེར་དང་བཅས་སྙན་ཞུ་འགེངས་ཤོག་མ་ལུས་པར་བཀང་སྟེ་ ༢༠༡༡ ཕྱི་ཟླ་ ༦ ཚེས་ ༡༠ ཚུན་འདི་གའི་རིགས་དྲུང་ལས་ཁུངས་སུ་འབྱོར་བ་དགོས་རྒྱུ་དང༌། རྗེས་ལུས་གྱུར་ཚེ་འགྱངས་ཆད་ཧིན་སྒོར་ ༢༥ དང་སྦྲགས་ ༢༠༡༡ ཕྱི་ཟླ་ ༦ ཚེས་ ༡༥ ཚུན་འདི་གར་ངེས་པར་འབྱོར་དགོས།
འགེངས་ཤོག་ཚད་ལྡན་མ་བཀང་བ་དང༌། གོང་གསལ་དུས་བཀག་གི་ཚེས་གྲངས་ལས་འདས་རྗེས་སུ་འབྱོར་བའི་སྙན་ཞུའི་རིགས་ལ་བསམ་ཞིབ་བྱ་རྒྱུ་མིན་ཞིང། སྙན་ཞུའི་འགེངས་ཤོག་དོད་ཕྱིར་སློག་བྱ་རྒྱུ་མིན་པ་བཅས་ཀྱི་གསལ་བསྒྲགས་སུ། ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་ ༢༠༡༡ ཕྱི་ཟླ་ ༤ ཚེས་ ༡༨ ལ། རིགས་དྲུང་གིས།