རྩོམ་སྒྲིག་པར་བཏང་གནས་དང་གསལ་བཤད།
འདི་འདྲའི་རིགས་དངོས་འབྲེལ་བྱས་ན་ཁྱེད་རྣམ་པས་ཞིབ་དཔྱད་གནང་དགོས་ངེས་ལ་ཕལ་ཆེར་རྟོག་ཞིབ་མ་བྱུང་བ་འདྲ། དེས་ན་ངོས་ནས་རེ་བསྐུལ་ཞུ་རྒྱུར་མ་འོངས་པར་གནས་ཚུལ་ཕུལ་མཁན་གྱི་མིང། ཁང་ལེན། ཁ་བྱང་སོགས་ངོ་སྤྲོད་ཚད་ལྡན་མེད་པར་དགོན་པ་དང་འབྲེལ་བའི་གཏམ་འཆལ་རིགས་གསར་ཤོག་ནང་གང་བྱུང་མ་བཀོད་རོགས་ཞུ་རྒྱུ། དེ་མིན་ཁྱེད་རྣམ་པའི་དབར་རྙོག་གླེང་མི་འོང་མི་སྲིད་པས་དེ་དོན་བཞིན་ཞིབ་དཔྱོད་ཚད་ལྡན་གནང་རོགས་ཞེས་ཞུ་རྒྱུ་བཅས། རྣམ་གྲོལ་གླིང་འདུས་སྤྱིའི་ལས་ཁུངས་ནས་ཕྱི་ལོ་༢༠༡༡ ཟླ་༤ ཚེས་༩ ལ།
ངོ་བཤུས། ཆོས་རིག་བཀའ་བློན།
རྙིང་མའི་སྤྱི་འཐུས།
རྩོམ་སྒྲིག་པའི་གསལ་བཤད།
སྔ་འགྱུར་རྙིང་མ་པའི་ཆོས་སྡེ་ཆེན་པོ་ཐེག་མཆོག་བཤད་སྒྲུབ་རྣམ་གྲོལ་དར་རྒྱས་གླིང་གི་ལས་ཤོག་ཐོག་དྲུང་ཆེ་ཨོ་རྒྱན་རང་གྲོལ་ཞེས་པའི་མཚན་འཁོད་ཡིག་ཆུང་ཕྱི་ཟླ་༤ པའི་ཚེས་༩ འཁོད་པ་ཞིག ཕྱི་ཟླ་༤ པའི་ཚེས་༢༠ ཉིན་འདི་ག་གསར་ཁང་དུ་འབྱོར་སོན་བྱུང་བ་དང། ཡིག་ཆུང་དེའི་ནང་དོན་གོང་གསལ་བཞིན་“དགོན་པའི་མིང་བེད་སྤྱད་ཀྱིས་་་”ཞེས་སོགས་བྲིས་འདུག་ཀྱང། དོན་དངོས་འདི་ག་གསར་ཁང་ནས་ཕྱི་ཟླ་༡ ཚེས་༡༢ ཉིན་གྱི་གསར་ཤོག་ནང་འཁོད་པའི་བསམ་ཚུལ་རྩོམ་ཡིག་དེར་རྟོག་ཞིབ་མ་བྱུང་བ་ཞིག་མིན་ལ། རྟོག་ཞིབ་ཆ་ཚང་བྱས་ནས་བཀོད་པ་ཞིག་ཡིན། མ་ཟད་རྩོམ་ཡིག་དེ་རྣམ་གྲོལ་གླིང་དགོན་པའི་མིང་བེད་སྤྱོད་བྱས་ནས་བཏང་བ་ཞིག་གཏན་ནས་མ་ཡིན་པར། རྩོམ་ཡིག་འབྲི་མཁན་གྱི་སྡོད་གནས་རྒྱ་གར་ལྷོ་ཕྱོགས་རྣམ་གྲོལ་གླིང་ཡིན་པས། ཁ་བྱང་དེ་ལྟར་བཀོད་པ་ནི་སྤྱི་འགྲོས་ཡིན་པ་དང། ད་དུང་ཁང་ཨང་དང་ཁ་པར་ཨང་གྲངས་སོགས་ཀྱང་གསལ་པོ་ཡོད།
ཡིག་ཆུང་དེའི་ནང་སྔ་རྗེས་སུ་“གནས་ཚུལ་”གཏོང་མཁན་ཞེས་བྲིས་འདུག་ཀྱང། བོད་ཀྱི་བང་ཆེན་ནང་<<ཡང་སྙིང་ངེད་ཚང་ལ་དེ་ཙམ་ལས་མེད་པ་རེད་དམ་>>ཞེས་འཁོད་པ་དེ་བསམ་ཚུལ་ཡིན་པ་ལས་གནས་ཚུལ་ལམ་གསར་འགྱུར་རྩ་བ་ནས་མ་རེད། བརྒྱུད་ལམ་གྱི་ཁྱབ་ཁོངས་ནང་བསམ་ཚུལ་དང་གནས་ཚུལ་ལ་ཁྱད་པར་ཆེན་པོ་ཡོད་པས་མཉམ་བསྲེ་མི་གནང་བའི་འབོད་སྐུལ་དང། ད་དུང་ཡིག་ཆུང་དེའི་ནང་“དགོན་པ་དང་འབྲེལ་བའི་གཏམ་འཆལ་རིགས་་་་་”ཞེས་སོགས་བྲིས་འདུག་ཀྱང། དོན་དུ་རྩོམ་ཡིག་དེའི་ནང་དུ་རྣམ་གྲོལ་གླིང་དགོན་པ་དང་འབྲེལ་བའི་གནད་དོན་ཞིག་བྲིས་ཡོད་པ་ལྟ་ཅི་ཚིག་གི་ཟུར་ཆ་ཙམ་ཡང་མེད་པས། གསུང་སྟངས་ལ་བལྟས་ན་གོ་ཐོས་སམ་མི་གཞན་ཞིག་གི་རྒྱུད་སྐུལ་ཙམ་ལས་རྩོམ་ཡིག་དེ་གཟིགས་ཡོད་མེད་ཀྱང་ཐེ་ཚོམ་དུ་གྱུར་འདུག
མཇུག་ཏུ་“ཁྱེད་རྣམ་པའི་དབར་རྙོག་གླེང་མི་འོང་མི་སྲིད་་་”ཅེས་ཁྱེད་རྣམ་པའི་དབར་ཞེས་པ་དེ། ང་ཚོ་དང་སུའི་དབར་རྙོག་གླེང་ཡོང་རྒྱུ་ཡིན་མིན་གསལ་ཁ་མི་འདུག་ཀྱང། རྙོག་གླེང་མི་འོང་མི་སྲིད་ཅེས་སྡིགས་ར་སྐུལ་བའི་བརྗོད་ཚིག་རིགས་ལ་དུས་ནམ་ཡང་དང་ལེན་ཞུ་རྒྱུ་མིན། སྤྱིར་བསམ་ཚུལ་དང་རྩོམ་ཡིག་རིགས་འདི་ག་གསར་ཁང་དང་རྩོམ་སྒྲིག་པའི་ལྟ་བ་ཡིན་པའི་ཁྱབ་པ་མེད་ཅེས་གསར་ཤོག་འདོན་ཐེངས་ཕལ་མོ་ཆེའི་ནང་བཀོད་ཡོད་པ་བཞིན་གསར་ཤོག་ནང་རྩོམ་ཡིག་ཐོན་ཚད་རྩོམ་སྒྲིག་ཁང་གི་ལྟ་ཚུལ་གཏན་ནས་མིན་པ་དང། གསར་ཁང་དང་རྩོམ་སྒྲིག་པ་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་རིགས་ཀྱང་མ་ཆད་མ་ལུས་པར་འགོད་འགྲེམས་བྱེད་བཞིན་པ་ནི། མང་གཙོའི་སྤྱི་ཚོགས་ནང་སྨྲ་བརྗོད་རང་གི་ཐོབ་ཐང་ལ་བརྩི་མཐོང་གི་ཆེད་དུ་ཡིན།
དགོན་པ་དང། ཚོགས་སྡེ། སྒྲིག་འཛུགས་གང་འདྲ་ཞིག་ཡིན་རུང་རང་ཉིད་ཀྱི་བསམ་ཚུལ་སྤེལ་མི་ཆོག་པ་ཞིག་མང་གཙོའི་སྤྱི་ཚོགས་ནང་བཀག་སྡོམ་བྱེད་ཐབས་མེད་ལ། རང་ཉིད་ཀྱི་བསམ་ཚུལ་རིགས་འདོན་སྤེལ་བྱེད་རྒྱུ་ནི་འགྲོ་བ་མིའི་གཞི་རིམ་གྱི་ཐོབ་ཐང་རྣལ་མ་ཞིག་ཡིན་པར་བརྟེན། སུས་ཀྱང་བརྡལ་བཤིག་གཏོང་ཐུབ་ཐབས་མེད་པས་དེ་ལུགས་དགོངས་འཇགས་ཡོང་བ་ཞུ་རྒྱུ་བཅས།
བོད་ཀྱི་བང་ཆེན་རྩོམ་སྒྲིག་པས་ཕུལ།
{jcomments on}
