ཧོན་སུར་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ།
ད་དུང་ཀིརྟི་དགོན་པར་རྒྱ་ནག་གཞུང་གིས་གདུག་རྩུབ་དྲག་སྤྱོད་དང་། རྡུང་རྡེག འཛིན་བཟུང་། བཙོན་འཇུག་དང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་བྱ་འགུལ་སོགས་སྤེལ་བཞིན་པ་དེ་དག་མཚམས་འཇོག་གཙང་མ་བྱས་པར་མུ་མཐུད་དེ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འདི་སྤེལ་རྒྱུ་ཡིན་ཞེས་ས་གནས་བུད་མེད་ཚོགས་གཙོ་ཚུལ་ཁྲིམས་དཔལ་མོས་གསར་འགོད་པར་བརྗོད་སོང་།
ཧུན་སོར་བོད་མིའི་ཟས་བཅད་ངོ་རྒོལ་དེ་ནི་ཧུན་སོར་གྲོང་བརྡལ་རྒྱུད་དུ་ཡོད་པའི་ཀར་ཎ་ཊ་ཀའི་མངའ་སྡེའི་གཞུང་ལམ་འགྲམ་དུ་སྤེལ་བཞིན་ཡོད་པ་དང་། ལམ་ཆེན་དེར་འགྲོ་བསྐྱོད་བྱེད་བཞིན་པའི་ཕྱི་རྒྱལ་དང་རྒྱ་གར་མི་མང་རྣམས་ཀྱིས་དོ་སྣང་ཆེན་པོས་ཁོང་ཚོར་ལྟ་བཞིན་འདུག་ལ། བོད་མི་ལས་འགུལ་བ་དག་གིས་བོད་ནང་གི་ཛ་དྲག་གནས་ཚུལ་དང་ཟས་བཅད་ངོ་རྒོལ་གྱི་དགོས་འདུན་འཁོད་པའི་ཡིག་ཆ་འགྲེམས་སྤེལ་དང་། གོ་སྐབས་ནམ་བྱུང་ལ་གནས་ཚུལ་ངོ་སྤྲོད་སོགས་བྱེད་བཞིན་འདུག
ལས་འགུལ་གོ་སྒྲིག་པས་བརྗོད་པ་ལྟར་ན། ཟས་བཅད་ངོ་རྒོལ་དེར་མཉམ་ཞུགས་བྱེད་མཁན་ཉིན་རེར་བོད་མི་༣༢ ནས་ ༣༥ བར་ཡོད་པ་དང་། ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་མི་གསུམ་གསུམ་རེ་བྱས་པའི་མི་དྲུག་རེ་རྟག་པར་ལས་འགུལ་སྣེ་ཁྲིད་པ་བྱས་ནས་ཟས་བཅད་ངོ་རྒོལ་དུ་སྡོད་ཀྱི་ཡོད་འདུག ས་ཁུལ་དེར་སྐབས་རེ་ཆར་རླུང་རྒོད་པ་དང་། ནམ་རྒྱུན་ཚ་བ་ཧ་ཅང་ཆེན་པོ་ཡོད་པ་དང་། ངོ་རྒོལ་བའི་སྡོད་གནས་ཁོད་སྙོམས་པོ་དང་ས་ཆ་གཙང་མ་མིན་པའི་དཀའ་ངལ་ཆེན་པོ་ཡོད་པར་བརྟེན་ཆུ་ཚོད་ཉེར་བཞིའི་དུས་ཡུན་ཙམ་ལ་ཟས་བཅད་དུ་བསྡད་རྗེས་ལུས་ཁམས་མི་བདེ་བའི་དཀའ་ངལ་འཕྲད་བཞིན་ཡོད་ནའང་། བོད་ནང་གི་གནས་ཚུལ་དང་བསྡུར་ན་ང་ཚོར་དཀའ་ངལ་ཟེར་བའི་མིང་ཙམ་ཡང་འཇུག་གི་མ་རེད་ཅེས་ཟས་ཅད་ངོ་རྒོལ་བ་ཞིག་གིས་བརྗོད་ཀྱི་འདུག །
མེ་སོར་གསར་འགོད་པས་ཧུན་སོར་ནས།
{jcomments on}