༧གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་བགྲོ་གླེང།
ཟླ་འདིའི་ཚེས་༢༧ རེས་གཟའ་ལྷག་པའི་ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་པའི་ཐོག་འབྲས་བློ་གླིང་ཆོས་རིག་འཛིན་སྐྱོང་སློབ་གྲྭའི་གོ་སྒྲིག་འོག་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་ཆོས་སྲིད་གཉིས་ཀྱི་མཛད་འཕྲིན་སྐོར་ལ་ངོ་སྤྲོད་དང་བགྲོ་གླེང་ཞིག་འབྲས་བློ་གླིང་སློབ་གྲྭའི་ནོར་རྗེ་སྒྲོལ་མ་ཚོགས་ཁང་དུ་འཚོགས་ཡོད་པ་རེད།
བགྲོ་གླེང་ཐོག་གསུང་བཤད་གནང་མཁན་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་མཁན་ཟུར་རྗེ་བཙུན་དཀོན་མཆོག་པ་སངས་མཆོག་ཆེད་དུ་གདན་འདྲེན་ཞུས་ཡོད་པ་དང་། ཁོང་གིས་༧གོང་ས་སྐུ་འཕྲེང་ན་རིམ་གྱི་མཛད་རྣམ་དང་ལྷག་པར་༧གོང་ས་སྐུ་འཕྲེང་བཅུ་བཞིན་ཆེན་པོ་མཆོག་གིས་དགུང་ལོ་༡༦ ཐོག་བོད་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་ད་ལྟ་བར་དུ་བོད་དང་བོད་མི་ཡོངས་ལ་འཛམ་གླིང་སྐྱེ་འགྲོ་སྤྱི་མཚུངས་བཞིན་ཆོས་སྲིད་གཉིས་ཀྱི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་དེ་བཞིན་མང་གཙོ་སོགས་ཀྱི་ཁེ་དབང་རག་ཆེད་དུ་ཉིན་མཚན་བར་མེད་དུ་སྐུ་ངལ་བསྐྱོན་བཞིན་ཡོད་པ་མ་ཟད། འཛམ་གླིང་རྒྱལ་སྤྱིའི་སྤྱི་ཚོགས་གང་སར་ཕྱག་གཉིས་ཐལ་མོ་སྦྱར་ནས་ས་ཡ་དྲུག་གི་བདེ་དོན་གྱི་ཆེད་དུ་སྐུ་ངལ་གང་མང་བསྐྱོན་བཞིན་ཡོད་པ་དང་། དེའི་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད་ལ། དེ་ཡང་ཁ་ཙམ་མིན་པར་དོན་གྱིས་༧གོང་ས་མཆོག་གི་ཐུགས་འདུན་བཞིན་ཅི་གསུང་བཀའ་སྒྲུབ་བྱེད་རྒྱུར་འབད་རྩོན་གནང་རོགས་ཅེས་སོགས་གསུངས་སོང་།
དེ་བཞིན་ཟླ་འདིའི་ཚེས་༢༨ ཉིན་འབྲས་བློ་གླིང་སློབ་གྲྭའི་སློབ་མ་ཡོངས་ཀྱིས་༼༧གོང་ས་མཆོག་གི་ཆོས་སྲིད་ཀྱིམཛད་འཕྲིན་༽ཞེས་པའི་བརྗོད་གཞིའི་ཐོག་རྩོམ་ཡིག་འགྲན་བསྡུར་ཞིག་ཀྱང་བྱས་སོང་།
མོན་གྷོ་གསར་འགོད་པས།
{jcomments on}