བོད་དོན་བདེན་མཐའ་གསལ་ཆེད་ཐུགས་སྨོན་གནང་རོགས།

དེ་ཡང་ལས་འགུལ་དེའི་ནང་དགའ་ལྡན་ཤར་བྱང་གཉིས་དང་། རྙིང་དགོན་རྡོ་བྲག་གསང་སྔགས་ཆོས་འཁོར་གླིང་བཅས་ཀྱི་གྲྭ་མང་མཉམ་ཞུགས་ཀྱིས་ཕྱག་ཏུ་མར་མེ་དང་བོད་ཀྱི་རྒྱལ་དར་ཐོག་ནས་བྱང་ཆུབ་སེམས་མཆོག་མ་གྱེར་བཞིན་གདན་ས་ཆེན་པོ་དགའ་ལྡན་ནས་གཞིས་གྲོང་གསུམ་པ་བར་ཞི་བའི་གོམ་བགྲོད་བྱས་ཡོད་པ་རེད།

མཐར་མོན་གྷོ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག་ཟས་བཅད་ངོ་རྒོལ་བྱེད་ཡུལ་གཞིས་གྲོང་གསུམ་པའི་ལམ་མདོར་མར་མེ་ཁྲོམ་སྐོར་བྱེད་མཁན་དགེ་འདུན་པ་ཡོངས་རྫོགས་མཉམ་དུ་འཛོམས་ནས། ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་རྗེས།  བོད་བསྟན་སྲིད་ཀྱི་ཆེད་སྐུ་གཤེགས་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱི་གཙོས་དཔའ་བོ་དཔའ་མོ་དག་གིས་ཆེད་དུ་མྱ་ངན་ངག་བཅད་སྐར་མ་གཅིག་རིང་ཞུས་རྗེས། གོ་སྒྲིག་གནང་མཁན་དགའ་བྱང་དགེ་སྐོས་དགེ་འདུན་ཤཀྱ་མཆོག་ནས་མར་མེ་ཁྲོམ་གྱི་ལས་འགུལ་སྤེལ་དགོས་དོན་སྐོར་ལ་ངོ་སྤྲོད་གནང་དོན། ང་ཚོ་དགེ་འདུན་པ་ཚོས་འདི་ལྟར་ལས་འགུལ་སྤེལ་དགོས་དོན་རྔ་པ་ཀིརྟི་དགོན་པའི་རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་དང་བཅས་ཀྱི་ཆེད་དུ་ལུས་སྲོག་བློས་བཏང་ནས་བཟུང་། gaden 2011  5  2 2 རྔ་པ་ཀིརྟི་དགོན་པའི་གྲྭ་པ་ཚོར་རྒྱ་ནག་གཞུང་གིས་ཚད་ལས་བརྒལ་བའི་ཉེས་རྡུང་དྲག་གནོན་དང་འཛིན་བཟུང་བཙོན་འཇུག་བྱས་དང་བྱེད་བཞིན་ཡོད་པ་རེད། རྒྱ་གཞུང་གིས་གྲྭ་བཙུན་ཚོར་ཉེས་མེད་སྲོག་ཐོག་དང་ཉེས་རྡུང་ཁྲིམས་ཆད་སོགས་ཚད་ལས་བརྒལ་བ་གཅོད་བཞིན་ཡོད་པ་དེ་ནི་བོད་རྒྱུད་ནང་བསྟན་རྩ་མེད་བཟོ་རྒྱུའི་ངན་འཆར་ཡིན་པ་གསལ་བོ་རེད། དེ་ལ་ང་ཚོའི་ངོས་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ་རེད། བོད་ཀྱི་རིག་གཞུང་ངམ་བོད་བརྒྱུད་ནང་བསྟན་འདི་མེད་བརླགས་སུ་སོང་ན་བོད་པ་ཙམ་མ་ཟད། འཛམ་གླིང་ཡོངས་ལ་གྱོང་གུད་ཆེན་པོ་ཞེ་དྲག་ཐེབས་ཀྱི་ཡོད་པས། འཛམ་གླིང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཚོགས་པ་དང་མི་སྒེར་བཅས་ཀྱི་ངོས་ནས་བོད་དང་བོད་རྒྱུད་ནང་བསྟན་ཆོས་ལུགས་འདིའི་གནས་སྟངས་གང་ཐུབ་ངོ་སྤྲོད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གཞན་ཡང་རྔ་བ་ཀིརྟི་དགོན་པས་མཚོན་བོད་ནང་ཆོས་སྡེ་ཁག་ནང་རྒྱལ་གཅེས་ཆོས་གཅེས་ཞེས་པའི་མང་ཚིགས་འོག་དམ་དྲག་མནར་གཅོད་ཚབས་ཆེན་གཏོང་བཞིན་ཡོད་པ་སོགས་མྱུར་དུ་མཚམས་འཇོག་བྱེད་ཆེད་དང་།  ལྷག་པར་དུ་གཞིས་བཞུགས་རྒྱ་ཆེའི་སྤུན་ཟླ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར། དེ་བཞིན་༧གོང་ས་མཆོག་གི་དགོངས་གཞི་ཇི་བཞིན་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་ནས་བོད་ལ་རང་དབང་གི་ཉི་མ་མགྱོགས་ནས་མྱུར་དུ་ཤར་བར་དགེ་འདུན་པ་ཡོངས་ཀྱིས་ཐུགས་སྨོན་སྐྱབས་མཇུག་གནང་རོགས་ཞེས་གསུངས་སོང་།
མོན་གྷོ་གསར་འགོད་པས།