བལ་ཡུལ་དུ་རྒྱལ་སྤྱིའི་ཁབ་བཙགས་རི་མོའི་འགྲེམས་སྟོན།

གོ་སྒྲིག་མི་སྣ་གཙོ་གྲས་མའོ་ཧན་དགུ་རོང་ནས་བརྗོད་དོན། ཁོ་རང་གིས་ཁབ་བཙགས་རི་མོའི་ལས་ཀ་བྱས་ནས་ད་བར་མི་ལོ་ ༡༢ ཙམ་འགྲོ་བཞིན་པ་དང་། ད་ཐེངས་གཙོ་བོ་བལ་ཡུལ་གྱི་ཁབ་བཙགས་རི་མོ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་སླེབས་ཐུབ་ཐབས་དང་ངོ་སྤྲོད་ཡོང་བ། བལ་ཡུལ་སྤྱི་ཚོགས་ཁྲོད་ཁབ་བཙགས་རི་མོའི་གོ་རྟོགས་སྤེལ་རྒྱུ། ཕྱི་ནང་གི་སྒྱུ་རྩལ་བའི་བར་འབྲེལ་ལམ་འཛུགས་ཆེད་བཅས་ལ་དམིགས་ནས་རྒྱལ་སྤྱིའི་ཁབ་བཙགས་རི་མོའི་འགྲེམས་སྟོན་ཐེངས་དང་པོ་ཞེས་གོ་སྒྲིག་བྱས་པ་ཡིན་འདུག།

tatoo budha

ཁོས་ད་དུང་བརྗོད་དོན། སྤྱིར་བཏང་སྔོན་མ་ནས་བལ་ཡུལ་གྱི་སྤྱི་ཚོགས་ཁྲོད་དང་། ལྷག་དོན་ནཱེ་ཝ་རེ་མི་རིགས་ཁྲོད་ཁབ་བཙགས་རི་མོ་འབྲི་མཁན་གང་འཚམས་བྱུང་ཡོད་མོད། སྤྱི་ཚོགས་ཁྲོད་གཟུགས་པོར་ཁབ་བཙགས་རི་མོ་བྲིས་ན་སྐྱོན་ཆ་མང་པའི་གླེང་ཕྱོགས་བཟོས་བར་བརྟེན་ཇེ་ཉུང་ལ་སོང་ཡོད། དོན་དངོས་ཁབ་བཙགས་རི་མོ་ནི་སྒྱུ་རྩལ་གཞན་དང་འདྲ་བའི་སྒྱུ་རྩལ་དང་མཛེས་རྩལ་ཡིན་པ་ལས་དེས་གང་ལ་གནོད་པ་བྱེད་གྱི་མེད་པས། དེང་རབས་སྤྱི་ཚོགས་ཁྲོད་རིམ་པས་དེ་གསལ་བོ་ཡོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་འདུག

ད་ཐེངས་ཀྱི་རྒྱལ་སྤྱིའི་ཁབ་བཙགས་རི་མོའི་འགྲེམས་སྟོན་དེར་དམིགས་བསལ་བོད་བརྒྱུད་ནང་པ་དང་འབྲེལ་བའི་རི་མོ་འབྲི་མཁན་ཧྥ་རན་སུ་ནས་ཡིན་པ་སྒྱུ་རྩལ་ལོར་རན་གཙོས་ཨ་རི་དང་། ཐེ་ལན་ཊི། རྒྱ་གར། ཨེ་ཊ་ལེ་སོགས་རྒྱལ་ཁབ་འདྲ་མིན་ནས་ཁབ་བཙགས་རི་མོ་འབྲི་མཁན་སྒྱུ་རྩལ་བ་མི་གྲངས་ ༥༠ ལྷག་མཉམ་ཞུགས་བྱས་ཡོད་པ་དང་། འགྲེམས་སྟོན་དེར་ཡོང་མཁན་མི་མང་པོ་ཡོད་པའི་ཁོངས་མང་ཆེ་བ་ཕྱི་རྒྱལ་བ་ཡིན་པས། སྐབས་དེར་མིའི་གཟུགས་པོར་ཁབ་བཙགས་རི་མོ་འབྲི་གླ་རིན་གོང་ཆུང་ཤོས་བལ་སྒོར་དྲུག་སྟོང་དང་མཐོ་ཤོས་བལ་སྒོར་སྟོང་ཕྲག་ལྔ་བཅུ་ཡིན་པ་རེད་འདུག།
བལ་ཡུལ་གསར་འགོད་པས།