བོད་མི་མང་སྤྱི་འཐུས་ཀྱིས་ཟས་བཅད་ངོ་རྒོལ་བར་རྒྱབ་སྐྱོར།

gyaridolma_at_hungerstrickཟླ་འདིའི་ཚེས་༢ ཉིན་ཚོགས་གཞོན་རྒྱ་རི་སྒྲོལ་མས་དབུ་ཁྲིད་པའི་ཐོག་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་དང། སྤྱི་འཐུས་ཚེ་རིང་གཡུ་སྒྲོན། སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ་བཅས་ཕེབས་ཡོད་པ་དང། ཟད་བཅད་ངོ་རྒོལ་བྱེད་མཁན་དབུས་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་དང། བསྟན་འཛིན་ནོར་བཟང། དཀོན་མཆོག་ཡར་འཕེལ་བཅས་གསུམ་དང་ལས་འགུལ་སྤེལ་མཁན་རྣམས་ལ་ཁ་བཏགས་གཡོགས་ཡོད་པ་རེད། དེ་བཞིན་དབུས་གཞོན་ནུའི་རྒྱུན་ལས་ཟུར་པ་དང། བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས། གཞོན་ནུའི་དབུས་རྒྱུན་ཟུར་པ་ཚུལ་ཁྲིམས་རྡོ་རྗེ་གཉིས་ཀྱིས་ཟས་བཅད་ངོ་རྒོལ་བ་རྣམས་ལ་ཐུག་འཕྲད་བྱས་ཡོད་པ་དང། སྒེར་གྱི་ལས་འགུལ་སྤེལ་སྐབས་ཀྱི་ཉམས་མྱོང་དང་འབྲེལ་བའི་ནང་མོལ་ཡང་བྱས་ཡོད་པ་རེད། སྐབས་དེར་རྒྱ་གར་གྱི་སྐུ་ཚབ་ཁ་ཤས་ཤིག་ཀྱང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་སར་ཆེད་ཕེབས་གནང་ཡོད་པ་རེད།

དེ་བཞིན་ཕྱི་ཚེས་༡ ཉིན་ལྡི་ལིར་ཡོད་པའི་བོད་ཕྲུག་ཉམས་ཐག་དང་དབང་པོ་སྐྱོན་ཅན་གཅེས་སྐྱོང་ཁང་ཞེས་པ་དེའི་སློབ་ཕྲུག་༢༠ ཙམ་ཞིག་གིས་ཟས་བཅད་ངོ་རྒོལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད། རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག བོད་དེ་བོད་མིའི་ཡིན། བོད་དེ་བོད་པའི་ཡིན་ཞེས་སོགས་འབོད་ཚིག་བྲིས་ཡོད་འདུག

ཕྱི་ཟླ་༤ པའི་ཚེས་༢༥ ནས་གཞོན་ནུའི་དབུས་རྒྱུན་ལས་གསུམ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འགོ་བཙུགས་ཡོད་པ་དང། དེའི་སྐོར་དབུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་དེའི་སྐོར་གསུང་དོན། ཀིརྟི་དགོན་པར་རྒྱ་གཞུང་གིས་དམ་དྲག་བྱེད་བཞིན་པ་དེ་མཚམས་འཇོག་དགོས་པ་དང། གྲྭ་པ་༣༠༠ ལྷག་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་གྲོལ་དགོས་པ། གྲྭ་པ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བ་མཚམས་འཇོག་དགོས་པ་མ་ཟད། རྒྱ་མིའི་དམག་མི་ཆ་ཚང་དགོན་པ་ནས་ཕྱིར་འབུད་དགོས་ཞེས་འགྲེལ་བརྗོད་གནང་ཡོད་པ་རེད།།

{jcomments on}