བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་གི་སྐུ་ཕུང་རྙེད་པ།

ཟླ་འདིའི་ཚེས་༣ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་གྲངས་གསུམ་གྱི་སྔོན་དུ་ཨ་རུ་ནཱ་ཅལ་མངའ་སྡེའི་བློན་ཆེན་རྡོ་རྗེ་མཁའ་འགྲོ་དང་འབྲེལ་ཡོད་ཀྱི་དཔོན་རིགས་འགའ། དེ་བཞིན་བདེ་སྲུང་མི་སྣ་ཡེ་ཤེས་ཆོས་གྲགས་དང། བུ་མོ་ཡེ་ཤེས་ལྷ་མོ། འབྲེལ་ཡོད་ཚེ་དབང་དོན་གྲུབ་སོགས་རྟ་དབང་ནས་ཐད་འཕུར་གནམ་གྲུ་བརྒྱུད་ནས་ས་གནས་གཞན་དུ་འགྲོ་སྐབས། དུས་ཐོག་འགྲོ་ཡུལ་དུ་འབྱོར་མེད་པས་དམག་དཔུང་རུ་ཁག་སོགས་ཀྱིས་འཚོལ་ཞིབ་ཀྱི་ལས་དོན་སྤེལ་ནས་ཉིན་གྲངས་༣ རིང་རྙེད་སོང་བྱུང་མེད་པ་རེད།

ཁོང་གློ་བུར་དུ་གར་སོང་ཆ་མེད་སོང་བར་འགྲེལ་བརྗོད་སྣ་ཚོགས་བྱེད་ཀྱི་ཡོད་པ་དང། དེ་ཡང་ལ་ལས་ཁོང་གི་ལག་ཐོགས་ཁ་པར་བརྒྱུད་ནས་འབྲེལ་ཡོད་ལ་འབྲེལ་བ་བྱེད་ཐུབ་ཀྱི་ཡོད་པས། ཇག་པས་བཙན་ཁྲིད་བྱས་པ་རེད་ཟེར་བ་དང། ཡང་ལ་ལས་མོན་ཡུལ་ཕྱོགས་ནས་ཤིང་ནགས་མཐུག་པོ་དང་ཆར་སྤྲིན་སོགས་ཀྱི་གནམ་གཤིས་སྐྱོ་པོ་ཡིན་པས། གནམ་གྲུ་ས་ལ་ལྷུང་ཡོད་ཀྱང་འཚོལ་ཞིབ་བྱེད་ཁག་པོ་ཡིན་རབས་སོགས་བརྗོད་ཡོད་པ་རེད། འོན་ཀྱང་ཟླ་འདིའི་ཚེས་༤ ཉིན་གྱི་སྔ་དྲོ་མོན་རྟ་དབང་རྫོང་ཁོངས་ཀྱི་ལོབ་ཐང་ས་གནས་སུ་ཐད་འཕུར་གནམ་གྲུ་ལྷུང་པར་བརྟེན། སྐུ་གྲོངས་ཡོད་པའི་གནས་ཚུལ་བརྒྱུད་ལམ་དུ་སྤེལ་ཡོད་པ་རེད།

བློན་ཆེན་རྡོ་རྗེ་མཁའ་འགྲོ་ནི་༸གོང་ས་མཆོག་དང་བོད་གཞུང་ལ་འབྲེལ་བ་དམིགས་བསལ་གནང་མཁན་ཞིག་ཡིན་པ་དང། ༢༠༠༨ ལོར་བོད་ནང་ཞི་བའི་གྱེན་ལངས་སྐབས་དྷ་ས་གངས་སྐྱིད་དུ་ཕེབས་པ་དང་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་པ། ༢༠༠༩ ལོར་ཁོང་གིས་༸གོང་ས་མཆོག་མོན་ཡུལ་དུ་གདན་འདྲེན་ཞུས་པ་དང། བློ་གླིང་གྲྭ་ཚང་གི་འདུ་ཁང་གསར་རྒྱག་ལ་ཞལ་འདེབས་ཕུལ་བ། འཆར་ལོ་རྡོར་གདན་དུ་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་གསུམ་ཡོད་པའི་ནང་ནས་ཁོང་གཅིག་ཆགས་ཀྱི་ཡོད་པ་རེད། ༸གོང་ས་མཆོག་གིས་ཁོང་ལ་ཐུགས་སྨོན་མཛད་ཡོད་པ་རེད།།

{jcomments on}