གྲྭ་ཕུན་ཚོགས་ལགས་ཀྱི་ཞེ་དགུའི་བསྔོ་སྨོན།

puntso 49thdayདེ་ཡང་ཟླ་འདིའི་ཚེས་༤ ཉིན་བལ་ཡུལ་ས་གནས་མདོ་སྨད་སྐྱིད་སྡུག་ཚོགས་པའི་གོ་སྒྲིག་འོག མཆོད་འཇོར་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཚོགས་ཁང་ནང་དགེ་འདུན་པ་གཙོས་བོད་མི་གྲངས་བརྒྱ་ཕྲག་ཁ་ཤས་མཉམ་འཛོམས་ཀྱིས་མཆོད་མེ་སྟོང་མཆོད་ཕུལ་བ་དང་བསྔོ་བ་སྨོན་ལམ་གསུང་བཞིན་ཉིན་འཁྱོངས་མ་ཎི་གསོག་བསྒྲུབ་བྱས་ཡོད་པ་རེད། ཚོགས་པའི་དྲུང་ཆེ་མགོ་ལོག་བཀྲ་ཤིས་དོན་གྲུབ་ནས་བརྗོད་དོན། དེ་རིང་ནི་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱི་ཞེ་དགུ་ཡིན་པར་བརྟེན། གནས་ཚང་རྒྱལ་ཁབ་ཀྱི་གནས་སྟངས་དང་བསྟུན་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་འདི་གོ་སྒྲིག་བྱས་པ་དང་། དེ་བཞིན་རྒྱ་ནག་གིས་འཛིན་བཟུང་བཙན་ཁྲིད་བྱས་པའི་ཀིརྟི་དགོན་པའི་དགེ་འདུན་པ་གཙོས་བོད་མི་སྤྱི་དང་གནས་སྟངས་ཛ་དྲག་འོག་གི་རྔ་པ་ས་གནས་བོད་མི་ཡོངས་དང་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད། ༢༠༠༨ ལོ་ནས་ལས་འགུལ་མཚམས་ཆད་མ་མྱོང་བའི་རྔ་པ་ས་གནས་དང་ལྷག་དོན་ཀིརྟི་དགོན་པ་ནི་ད་ཆ་བཙོན་ཁང་ལྟར་ཡོད་པ་ང་ཚོར་བློ་འཚབ་ཆེན་པོ་ཡོད་ཅེས་བརྗོད་སོང་།

ཕ་ཡུལ་རྔ་པ་ནས་ཡིན་པའི་དགེ་འདུན་པ་ཞིག་གིས་བརྗོད་དོན། འཁོར་བ་སྤངས་པའི་དགེ་འདུན་པ་ཕུན་ཚོགས་ཀྱིས་རང་ལུས་མེ་ལ་བསྒྲོན་པ་ནི་རྒྱ་ནག་གི་ཚད་ལས་བརྒལ་བའི་དམ་དྲག་སྟངས་འཛིན་འོག་འུ་ཐུག་ཐབས་ཟད་ནས་སྤེལ་བའི་ལས་འགུལ་ཡིན་པས། རྒྱ་ནག་གཞུང་གིས་དངོས་ཡོད་གནས་ཚུལ་ལ་དཔྱོད་མཁས་བྱས་ནས་དམ་དྲག་གི་སྲིད་ཇུས་མཚམས་འཇོག་དང་ཉེས་མེད་ཉམས་ཆུང་བོད་མི་ཚོ་གློད་གྲོལ་གཏོང་དགོས་པ་རྒྱ་ནག་གཞུང་ལ་འབོད་སྐུལ་ནན་གྱིས་ཞུ་རྒྱུ་ཡིན་ཞེས་བརྗོད་སོང་།

ཆོས་ཕྱོགས་དང་འབྲེལ་བའི་ལས་འགུལ་སྐབས་བལ་ཡུལ་དུ་གནས་སྡོད་བོད་མི་བརྒྱ་ཕྲག་ཁ་ཤས་མཉམ་འཛོམས་བྱུང་ཡོད་ཐོག དགོན་སྡེ་ཁག་མང་ཆེ་བའི་དགེ་འདུན་པ་མི་ཉུང་བ་འཛོམས་ནས་གྲྭ་ཕུན་ཚོགས་ལགས་ཀྱི་ཞེ་དགུའི་བསྔོ་སྨོན་གསུངས་ཡོད་པ་རེད།།

བལ་ཡུལ་གསར་འགོད་པས།

{jcomments on}