མི་མང་གི་རེས་མོས་ཟས་བཅད་ངོ་རྒོལ་གྱི་ཉིན་བཅོ་ལྔ་པ།

དེ་ཡང་ལས་འགུལ་དེའི་ནང་མོན་གྷོ་ས་གནས་གཞིས་གྲོང་ཁག་དགུ་དང་གདན་ས་དགའ་འབྲས་གཉིས་ཀྱི་གཙོས་གྲྭ་ཚང་ཁག་དགུ། བཙུན་དགོན་བྱང་ཆུབ་ཆོས་གླིང་བཅས་མཉམ་ཞུགས་བྱེད་བཞིན་ཡོད་པ་དང་། ཉིན་རེ་བཞིན་ལས་འགུལ་སྤེལ་ཡུལ་དུ་མོན་གྷོ་ས་གནས་ཀྱི་ས་འཐུས་ཚོགས་གཙོ་ཚོགས་གཞོན་དང་། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ།  དེ་བཞིན་མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ། ས་གནས་གཞོན་ལྷན་ཚོགས་ཟུར་རྣམ་པ་སོགས་ལམ་སྟོན་གསུང་བཤད་དང་གནས་ཚུལ་ངོ་སྤྲོད་ཆེད་ས་གནས་གཞོན་ལྷན་ནས་མགྲོན་འབོད་བྱེད་ཀྱི་ཡོད་པ་རེད།

youth 2011  5  5 from mundgod 1ཕྱི་ཟླ་༤ ཚེས་༢༧ ནས་དགའ་ལྡན་ཤར་བྱང་གཉིས་ནས་འགོ་འཛུགས་ཀྱི་མོན་གྷོ་ས་གནས་ཀྱིས་གདན་ས་གྲྭ་ཚང་ཁག་བང་རིམ་བཞིན་ཟས་བཅད་ངོ་རྒོལ་ནང་མཉམ་ཞུགས་བྱེད་ཀྱི་ཡོད་ལ། དེ་བཞིན་ཕྱི་ཚེས་༢༩ ཉིན་བོད་ཀྱི་དཔའ་བོའི་ཉིན་མོ་སྲུང་བརྩི་རྗེས་དྲན་དང་སྟབས་བསྟུན་ནས། མོན་གྷོ་ས་གནས་གཞོན་ལྷན་གྱི་སྣེད་ཁྲིད་གོ་སྒྲིག་འོག་ངོ་རྒོལ་གོམ་བགྲོད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད།

དེ་ཡང་ལས་འགུལ་དེའི་སྣེ་ཁྲིད་གནང་མཁན་ས་གཞོན་ཚོགས་གཙོ་གྲགས་པ་བསམ་གྲུབ་དང་ཚོགས་གཞོན་པདྨ་ཚེ་རིང་གཉིས་ཀྱི་གཙོས་མི་གྲངས་སུམ་ཅུ་ཙམ་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེ་རྡར་བར་རྫོང་དང་། ཧུབ་ལི་གྲོང་ཁྱེར་གཉིས་ཀྱི་ནང་དུ་འཚེ་མེད་ཞི་བའི་ཐོག་ལག་ཏུ་བོད་ཀྱི་རྒྱལ་དར་དང་འཕྲེད་དར་འདྲ་མིན་ཕྱར་བཞིན་ངག་ནས་བྱང་ཆུབ་སེམས་མཆོག་མ་གྱེར་བཞིན་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་སོང་ལ། དེ་བཞིན་ཟླ་འདིའི་ཚེས་༣  ཉིན་མོན་གྷོ་ས་གནས་གཞོན་ལྷན་གྱི་འབྲེལ་ལམ་ཐོག་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་ནང་རྟེན་གཞི་བྱས་ཡོད་པའི་༼གྲངས་ཉུང་མི་རིགས་སྲུང་སྐྱོབ་ཚོགས་པ་༽ཞེས་པའི་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་ཡིན་ཞེས་ཉིན་དེའི་ཞོགས་པ་ཆུ་ཚོད་༩ ཐོག་མོན་གྷོ་ས་གནས་སུ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་རྗེས། ཁོང་ཚོས་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སང་གི་མཚན་ཐོག་ཏུ་བོད་སྐྱོབ་རེ་འདུན་ཞུ་ཡིག་གཏོང་འཆར་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་སོང་།

ཞུ་ཡིག་དེའི་ནང་དོན་གཙོ་བོ།  ༧གོང་ས་རྒྱལ་བ་རིན་པོ་ཆེར་རྒྱ་ནག་གཞུང་གིས་ཚད་ལས་བརྒལ་བའི་མཚན་སྨོད་ལ་ངོ་རྒོལ་ཡོད་པ་དང་། ༢  སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་དེ་རྒྱ་གཞུང་གིས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་དེར་བོད་པ་ཙམ་མ་ཟད། འཛམ་གླིང་ནང་ཡོད་པའི་ནང་བསྟན་ཆོས་ལུགས་པ་ཡོངས་ཀྱི་སེམས་ལ་དོ་ཕོག་ཆེན་པོ་གཏོང་བཞིན་ཡོད་པར་ངོ་རྒོལ་ཡོད་པ་དང་། ༣  ད་ལྟ་རྒྱ་ནག་གཞུང་གིས་བོད་ཨ་མདོ་རྔ་པ་ཀིརྟི་དགོན་པས་མཚོན། བོད་རིགས་མི་མང་ཐོག་ཧ་ཅང་གི་ཉེ་རྡུང་དྲག་གནོན་དང་འཛིན་བཟུང་བཙོན་འཇུག་སོགས་བྱེད་བཞིན་པར་ངོ་རྒོལ་ཡོད་པ་མ་ཟད། མྱུར་དུ་མཚམས་འཇོག་དགོས་སྐོར་སོགས་འཁོད་ཡོད་པ་རེད། དེ་བཞིན་ཉིན་དེར་ཚོགས་པ་དེའི་མི་གྲངས་སུམ་ཅུ་མ་ཟིན་ཙམ་བོད་པར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་ཟས་བཅད་ངོ་རྒོལ་ནང་མཉམ་ཞུགས་བྱས་ཡོད་པ་རེད།

དེ་བཞིན་ཟླ་འདིའི་ཚེས་༥ ཉིན་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་བཙུན་མ་རྣམས་ཀྱི་ཟས་བཅད་ངོ་རྒོལ་གྱི་འགོ་འཛུགས་གནང་བཞིན་ཡོད་པ་རེད།

youth 2011  5  5 from mundgodམོན་གྷོ་ས་གནས་གཞོན་ལྷན་ཚོགས་གཙོ་གྲགས་པ་བསམ་གྲུབ་ལགས་ཀྱིས། འདི་ལྟར་ཟས་བཅད་ངོ་རྒོལ་དང་གོམ་བགྲོད་སོགས་ཀྱི་ལས་འགུལ་འདྲ་མིན་མུ་མཐུད་ནས་སྤེལ་དགོས་དོན་གཙོ་བོ་མཁྱེན་གསལ་ལྟར། ད་ལྟ་ཨ་མདོ་རྔ་པ་ཀིརྟི་དགོན་པས་མཚོན། བོད་ནང་གཞིས་ལུས་རྒྱ་ཆེའི་མི་མང་ལ་འཕྲད་བཞིན་པའི་དཀའ་ངལ་དག་འཛམ་གླིང་རྒྱལ་སྤྱིའི་སྤྱི་ཚོགས་དང་མི་མང་། ལྷག་པར་རྒྱ་གར་མི་མང་བཅས་སུ་བོད་དོན་ཤེས་རྟོགས་ཡོང་ཆེད་དང་། བོད་སྐྱོབ་རེ་སྐུལ་ཞུ་རྒྱུ།  དེ་བཞིན་གཞིས་ལུས་རྒྱ་ཆེའི་མི་མང་ལ་གདུང་སེམས་མཉམ་བསྐྱེད་བཅས་ཀྱི་ཆེད་དུ་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ད་དུང་ཡང་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་ལས་འགུལ་དེ་དག་མཚམས་འཇོག་མ་བྱས་བར་དུ་ཟས་བཅད་ངོ་རྒོལ་འདི་མུ་མཐུད་ནས་སྤེལ་རྒྱུ་ཡིན་ཞེས་བརྗོད་སོང་།།
རྒྱ་གར་ལྷོ་ཕྱོགས་ནས་མོན་གྷོ་གསར་འགོད་པས་།

{jcomments on}