བོད་མི་ལ་བཀའ་དྲིན་ཅན་ཚོ་འཇིག་རྟེན་འདི་དང་ཁ་གྱེས་མགྱོགས་པ་ལགས

ས་ལ་ལྷུང་ནས་རྐྱེན་ལམ་དུ་སོང་བ་དང། ཡུལ་དེའི་མི་མང་ལ་སྐྱོ་སེམས་ཆེན་པོ་སྐྱེས་ནས། འགའ་རེ་གློ་བུར་དུ་དྲན་པ་ཐོར་ནས་རྐྱེན་ལམ་དུ་སོང་ཡོད་པ་དང་ལ་ལས་སྐྱོ་སེམས་མ་བཟོད་ནས་རང་སྲོག་བཅད་པ་སོགས། ཡུལ་དེའི་མི་མང་གིས་ང་ཚོའི་ཨ་ཕ་ལྟ་བུའི་འགོ་འཁྲིད་མེད་པ་ཆགས་སོང་ཟེར་ནས་མྱ་ངན་གྱི་འུ་དོད་འབོད་པ་རེད། དེ་འདྲའི་དཔོན་བཟང་དེས་བོད་པ་ལ་རྒྱབ་སྐྱོར་ཚད་མེད་གནང་བཞིན་དུ། དུས་མིན་འཆི་བའི་ལམ་དུ་སོང་བ་འདི་བོད་པ་ཚོར་གྱོང་གུད་ཆེན་པོ་ཞིག་རེད་བསམ་གྱི་ཡོད། ཉེ་དུས་མོན་རྟ་དབང་ཕྱོགས་ཀྱི་ཨ་རུ་ནཱ་ཅལ་གྱི་མངའ་སྡེའི་བློན་ཆེན་རྡོ་རྗེ་མཁའ་འགྲོ་ལགས་ཐད་འཕུར་གནམ་གྲུ་བརྒྱུད་ནས་ས་གནས་གཞན་དུ་འགྲོ་སྐབས། གློ་བུར་དུ་གནམ་གྲུ་རྡབ་སྐྱོན་གྱིས་རྐྱེན་ལམ་དུ་སོང་ཡོད་པ་རེད། ཁོང་ནི་རང་ཉིད་ཀྱི་མེས་པོ་བོད་རིགས་ཡིན་པ་དང། ནང་པ་ཡིན་པ་སོགས་དངོས་ཡོད་ཀྱི་ལོ་རྒྱུས་དང་བོད་རིགས་ཀྱི་འཐབ་རྩོད་ལ་སེམས་ཁུར་ཆེན་པོ་གནང་མཁན་ཞིག་ཡིན་ཞིང། བོད་ནང་༢༠༠༨ ལོར་ཞི་རྒོལ་ཆེན་པོ་བྱས་པའི་སྐབས་ཁོང་དྷ་སར་ཆེད་བསྐྱོད་ཀྱིས་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་གནང་པ་དང། བོད་པའི་ཚོགས་པ་ཁག་ལ་ཧིན་སྒོར་འབུམ་མང་པོའི་ཞལ་འདེབས་བརྒྱབ་པ། ཉེ་དུས་༧གོང་ས་མཆོག་ཡུལ་དེར་གདན་འདྲེན་ཞུས་པ་སོགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན། མདོར་ན་རྒྱ་གར་གྱི་སྤྱི་ཚོགས་སུ་གོ་གནས་ཡོད་པ་དང་དབང་ཆ་ཡོད་པ། མི་སྤུས་དག་པའི་འགོ་འཁྲིད་འདི་ཚོ་གཅིག་མཇུག་གཉིས་མཐུད་ཀྱིས་མེད་པ་ཆགས་པ་འདི་ནི་བོད་པ་ལ་གྱོང་གུད་ཆེན་པོ་ཞིག་རེད་བསམ་གྱི་ཡོད། ང་ཚོ་བོད་པ་ཚོ་རྒས་པའི་སྒང་ལ་རྡོག་རྫིས་ཕོག་པའི་ལས་དབང་འདི་ག་རེ་ཡིན་ན། ད་ནི་བསྔོ་བ་སྨོན་ལམ་དང་བཀའ་དྲིན་རྗེས་དྲན་གྱི་ལས་འགུལ་རེ་སྤེལ་རྒྱུ་ལས་གཞན་གང་ཡང་ལྷག་མེད། བོད་མི་ཚོས་བཟང་སྤྱོད་ཀྱི་ཐོག་ནས་ཁོང་ལ་གདུང་སེམས་མཉམ་བསྐྱེད་གནང་གི་ཡིན་ན། དུས་ཚོད་འགྱངས་མེད་ཐོག་རྒྱ་ཆེ་ས་ནས་གནང་དགོས་པ་དང། རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུའང་བཀའ་དྲིན་བསམ་ཤེས་དང་དྲིན་ཆེན་དྲན་དུ་ཚོར་གྱི་ཡོད་པའི་བརྡ་ལན་གསལ་པོ་ཞིག་བོད་མི་ཚོའི་ངོས་ནས་སྟོན་རྒྱུ་དེ་གལ་ཆེན་པོ་རེད། ཆབ་སྲིད་ཀྱི་ཕྱོགས་ནས་ཀྱང་སླད་ཀྱི་ཆར་ཡུལ་དེའི་བློན་ཆེན་སུ་ཡོང་གི་ཡོད་ཀྱང་བོད་མི་ཚོའི་གནས་བབ་ལ་ལྟ་སྐྱོང་གི་སེམས་ཁུར་ཅན་ཞིག་ཡོང་རྒྱུར་ཕན་ཐོགས་ཡོད། ད་ལྟའི་སྐབས་རྒྱ་ནག་གཞུང་གིས་ས་ཁུལ་དེ་སྔོན་དུས་བོད་ཀྱི་ས་ཁུལ་ཡིན་པས། ད་ལྟ་རང་བཞིན་གྱིས་རྒྱ་ནག་གི་ཆ་ཤས་ཆགས་པ་རེད་ཅེས་འཁྱོག་བརྗོད་བྱེད་བཞིན་ཡོད་པས། བོད་པའི་ངོས་ནས་འདི་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་གར་ལ་བདག་པ་རེད་ཅེས་རྣམ་འགྱུར་སྟོན་ཆེད་དུ། རྒྱ་གར་གཞུང་གིས་བོད་པ་དང་ཡུལ་དེའི་མི་མང་དབར་འབྲེལ་བ་འཛིན་པ་དེར་རྒྱབ་སྐྱོར་གནང་གི་ཡོད། དེར་བརྟེན་བོད་མི་ཚོས་རྣག་ཐོག་ཁབ་གཙག་གིས་དུས་འགྱངས་མེད་པར་བཅོས་མ་ཡིན་པའི་མྱ་ངན་གྱི་རྣམ་འགྱུར་སྟོན་རྒྱུ་དེ་དུས་ལ་བབ་ཡོད།