༧ཏཱ་ལའི་བླ་མར་གཟེངས་རྟགས་ཕུལ་བས་ང་ཚོར་ཆེ་མཐོང་ཐོབ་བྱུང།

བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་སོགས་ཀྱི་ལས་འགུལ་རྣམས་འཚེ་བ་མེད་པའི་ལམ་ནས་སྣེ་ཁྲིད་མཛད་བཞིན་ཡོད་པ་དང། དེ་བཞིན་སྐུ་ངལ་འཛེམས་མེད་ཐོག་འཛམ་གླིང་གི་ས་ཕྱོགས་གང་སར་ཕེབས་ནས། འཛམ་གླིང་ཞི་བདེའི་ཆེད་དུ་སྐུ་ལས་བསྐྱོན་བཞིན་པའི་༧ཏཱ་ལའི་བླ་མ་མཆོག་ནི། འཚེ་བ་མེད་པ་དང་བདེན་པའི་སྟོབས་ཤུགས་ཀྱི་མཚོན་དོན་ཞིག་ཡིན་ཞེས། ཨ་རིའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་གཙོ་འཛིན་སྐུ་ཞབས་ལེ་རི་ཁོ་སི་མཆོག་གིས། ༧གོང་ས་མཆོག་ལ་གཟེངས་རྟགས་ཕུལ་སྐབས་གསུངས་ཡོད་པ་རེད།

ཟླ་འདིའི་ཚེས་༤ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་བཙུགས་ནས་ལོ་༥༠ འཁོར་བའི་མཛད་སྒོ་དང། ཚོགས་པ་དེས་གོ་སྒྲིག་ཞུས་པའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་དང་པོ་དེ་༧གོང་ས་མཆོག་ལ་ཕུལ་ཡོད་པ་དང་། དེ་ཡང་ཨ་རིའི་གྲོང་ཁྱེརལུང་བྷིའི་ཆི་ནང་རྟེན་གཞི་བྱས་པའི་ཁལ་ལི་ཧྥོར་ནི་ཡའི་གཙུག་ལག་སློབ་གྲྭའི་ཤིང་བཟོའི་སྒྱུ་རྩལ་བསྟི་གནས་ཁང་གི་ཚོགས་ཁང་དུ། རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ཚོགས་མི་གཙོ་བོར་གྱུར་བའི་ཚོགས་བཅར་བ་མི་གྲངས་༡༠༠༠ བརྒལ་བ་འདུ་འཛོམས་བྱུང་ཡོད་པ་དང། སྐབས་དེར་ཨ་རིའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་གཙོ་འཛིན་སྐུ་ཞབས་ལེ་རི་ཁོ་སི་མཆོག་གིས་གསུངས་དོན།

འཛམ་གླིང་ཁྱོན་དུ་མི་རྣམས་ཀྱིས་ཉེན་ཁའི་འོག་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་ཡོང་རྒྱུའི་རེ་བ་རྒྱག་བཞིན་པའི་སྐབས་འདིར། ༧ཏཱ་ལའི་བླ་མ་མཆོག་གི་ལེགས་བཤད་དེ་སྔ་ལས་ཧ་ཅང་དགོས་མཁོ་ཆེ་བ་ཆགས་ཡོད་པས། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་ལོ་༥༠ འཁོར་བའི་དུས་སྐབས་དང་བསྟུན། ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོག་མ་དེ་བོད་ཀྱི་༧ཏཱ་ལའི་བླ་མ་སྐུ་ཕྲེང་༡༤ པ་མཆོག་ལ་འབུལ་ལམ་ཞུ་ཐུབ་པ་འདིས། ཚོགས་པ་ལ་ཧ་ཅང་གི་ཆེ་མཐོང་ཆེན་པོ་ཐོབ་བྱུང་ཞེས་སོགས་གསུངས་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ལས་འགུལ་བ་མི་གྲངས་༡༠༠ ཙམ་དང་མཇལ་འཕྲད་མཛད་དེ་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ལས་དོན་ལ་བསྔགས་བརྗོད་མཛད་ཡོད་པ་རེད།།

{jcomments on}