སཱི་རི་ཡཱའི་མི་མང་གི་གྱེན་ལངས་ལ་གཞུང་དམག་གིས་དྲག་གནོན།

ཟླ་འདིའི་ཚེས་༥ ཉིན་བྷི་བྷི་སའི་གསར་འགོད་པས་སཱི་རི་ཡཱའི་ལྷོ་ཕྱོགས་གྲོང་ཁྱེར་དྷི་རཱ་ནས་གནས་ཚུལ་སྤེལ་བ་ལྟར་ན། དཀྱིལ་ཤར་ཁ་ཆེའི་རྒྱལ་ཁབ་ཨི་ཇིབ་དང་ལཱི་བྷི་ཡ་སོགས་ནས་མི་མང་གིས་མང་གཙོའི་དགོས་འདུན་བཏོན་ནས་གྱེན་ལངས་གཅིག་མཇུག་གཉིས་མཐུད་བྱས་ཡོད་པ་དང། ཉེ་དུས་སཱི་རི་ཡཱ་མི་མང་གིས། ཆབ་སྲིད་ཀྱི་རང་དབང་དང་མི་མང་གི་རང་དབང། སྲིད་འཛིན་བྷཱ་ཤཱར་ཨལ་སཱ་ཐི་ལས་གནས་ནས་དགོངས་པ་ཞུ་དགོས་པའི་དགོས་འདུན་བཏོན་ནས། ཞི་བའི་གྱེན་ལངས་ཆེན་མོ་ཞིག་འགྲོ་བཞིན་ཡོད་པ་ནི། ཕྱོགས་གཅིག་ནས་ཁ་ཆེའི་འཛམ་གླིང་དུ་གྲགས་པའི་དཀྱིལ་ཤར་རྒྱལ་ཁབ་ཁག་ཏུ་འགྱུར་བ་ཆེན་པོ་ཞིག་ཡིན་པ་དང། ཕྱོགས་གཞན་ཞིག་ནས་པཱ་ཀི་སི་ཐན་སོགས་ཨེ་ཤ་ཡའི་ཁ་ཆེའི་རྒྱལ་ཁབ་འགའ་ནས། ཨོ་སཱ་མ་བྷིན་ལ་དྷན་རྐྱེན་ལམ་དུ་བཏང་པར་མྱ་ངན་དང་། སླད་ཀྱི་ཆར་ཁ་ཆེ་ཆིག་སྒྲིལ་གྱིས་དགྲ་ཤ་ལེན་དགོས་པའི་འཆར་འགོད་ཀྱང་བྱེད་བཞིན་ཡོད་པ་རེད།

syria-demonstration2དཀྱིལ་ཤར་ཁ་ཆེའི་རྒྱལ་ཁབ་སཱི་རི་ཡཱ་མི་མང་གིས་གྱེན་ལངས་བྱེད་དོན་གཙོ་བོ་ནི། རྒྱལ་ཁབ་དེ་ལོ་གྲངས༤༠ ལྷག་ཙམ་གྱི་རིང་ལ་ཨཱ་སཱ་ཐི་ཞེས་འབོད་པའི་ཁྱིམ་ཚང་ཆེན་པོ་ཞིག་གིས་དབང་སྒྱུར་བྱས་ནས་གནས་ཡོད་པ་དང། ཁྱིམ་ཚང་དེ་དང་འབྲེལ་ཡོད་ཚོས་དཀྱིལ་ཤར་ཨ་རཱབ་ཀྱི་ལུང་པའི་ནང་དབང་སྒྱུར་བྱས་ཏེ་མི་མང་ལ་བཙན་གནོན་སྣ་ཚོགས་བྱེད་བཞིན་ཡོད་པས། ད་ལྟའི་སྐབས་ཁྱིམ་ཚང་དེའི་དབང་ཆ་མགོ་རྟིང་སློག་དགོས་པ་དང། མི་མང་ལ་ཆབ་སྲིད་ཀྱི་རང་དབང་དགོས་པའི་འབོད་སྒྲའི་འོག་ནས་གྱེན་ལངས་བྱས་ཡོད་པ་རེད། སཱི་རི་ཡཱའི་མི་མང་གི་ངོ་རྒོལ་སྐད་འབོད་ཀྱི་འབོད་ཚིག་ནང། མི་མང་ལ་ཆབ་སྲིད་ཀྱི་རང་དབང་དགོས། སྲིད་འཛིན་བྷཱ་ཤཱར་ཨལ་སཱ་ཐི་ཁྱི་རེད། རྒྱལ་འཚོང་བ་རེད། ཕྲུ་གུ་གསོད་མཁན་གྱི་ལག་དམར་བ་རེད། སྲིད་འཛིན་ནས་གནས་དབྱུང་གཏོང་དགོས་ཞེས་བཀོད་ཡོད་པ་རེད།

གཞུང་གིས་ངོ་རྒོལ་བ་ཚོ་འཇིགས་སྐུལ་རིང་ལུགས་པ་དང་ཞི་བདེར་རྒོལ་མཁན་ཡིད་པའི་ཁྱབ་བསྒྲགས་བྱས་ཏེ། གོ་ལག་དང་ཐང་སྒ་རིལ་སོགས་མཚོན་ཆ་རང་འགྲིག་ཡིན་པའི་དྲག་ཆས་དམག་དཔུང་བཏང་ནས་ཉེས་མེད་མི་སེར་བརྒྱ་ཕྲག་མང་པོ་རྐྱེན་ལམ་དུ་བཏང་ཡོད་པས། སྲང་ལམ་ཁག་ཏུ་ཕུང་པོ་དང་ཁྲག་སོགས་གཞུང་དམག་གིས་གཙང་མ་བཟོ་བ་ལས། མི་མང་གིས་དེ་དག་ལ་ཐེ་གཏོགས་བྱེད་ཐུབ་མེད་པ་རེད། དེར་བརྟེན་ཨ་རི་དང་ཨི་ཊ་ལི་སོགས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གིས། མི་མང་ལ་དྲག་གནོན་བྱེད་རྒྱུ་དེ་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་བ་དང། གཟའ་འཁོར་རྗེས་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་རྣམས། ཡུལ་དེར་ཆེད་བསྐྱོད་ཀྱིས་མི་མང་དང་གཞུང་གཉིས་དབར་ནང་འཁྲུག་ཞི་འཇམ་ཡོང་ཆེད་དུ། དཔོན་རིགས་ལྷན་འཛོམས་ཀྱི་ཚོགས་འདུ་ཞིག་ཀྱང་འཚོག་འཆར་ཡོད་པ་རེད།།

{jcomments on}