འདྲ་མཉམ་གྱི་ལྟ་སྟངས་མེད་ན་རྩོད་རྙོག་འདུམ་སྒྲིག་མི་ཐུབ།

 

ཟླ་འདིའི་ཚེས་༦ ཉིན་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་བརྙེས་ནས་ལོ་བཅུ་འཁོར་བའི་དུས་དྲན་མཛད་སྒོའི་ཞིག་དྷ་ས་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་འཚོགས་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། རྒྱ་གར་གྱི་སློབ་དཔོན་ཆེན་མོ་ཀུལ་དྷིབ། ལྟེ་གནས་ཁང་དེའི་འགན་འཛིན་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཀྱི་ཚོགས་གཙོ་བཀྲས་མཐོང་བསྟན་འཛིན་དགེ་བྱེད་དང་ཚོགས་མི་ཁག་ཅིག དེ་བཞིན་སྤྱི་འཐུས་ཁག་ཅིག་དང་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཕེབས་ཡོད་པ་རེད། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་ནས་དུས་རྒྱུན་རྩོད་རིགས་བྱུང་ན་ག་འདྲ་བྱས་ཏེ་སེལ་ཐབས་དགོས་སྐོར་སོགས་སུ་ཟབ་སྦྱོང་རིགས་འདྲ་མིན་སྤྲོད་བཞིན་ཡོད་པ་རེད།

karma leksheyལྟེ་གནས་ཁང་དེའི་འགན་འཛིན་ཀརྨ་ལེགས་བཤད་ལགས་ཀྱིས། ལྟེ་གནས་ཁང་དེ་ཐོག་མར་བོད་གཞུང་ནང་སྲིད་ལས་ཁུངས་ནས་ཟུར་འཛུགས་བྱས་པ་དང་། དེ་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ངོ་བོར་བསྒྱུར་ནས། སྤྱི་ཚོགས་ནང་རྩོད་རྙོག་རིགས་འདུམ་སྒྲིག་བྱེད་སྟངས་སྐོར་ལ་བོད་པའི་སྤྱི་ཚོགས་ནང་གཙོས་ས་གནས་རྒྱ་གར་བ་ཚོར་ཟབ་སྦྱོང་སྤྲད་པའི་བརྒྱུད་རིམ་དང་། དེ་ལས་འཕྲོས་པའི་མི་མང་ནང་ཕན་ཐོགས་བྱུང་བ་སྤྱི་ཚོགས་རང་གི་ནང་དུ་མུ་མཐུད་ཟབ་སྦྱོང་དེའི་རིགས་སྤྲོད་དགོས་པའི་དགོས་འདུན་འདོན་མཁན་མང་དུ་འགྲོ་ཡི་ཡོད་པའི་སྐོར་སོགས་ངོ་སྤྲོད་གནང་སོང་།

སྐུ་མགྲོན་གཙོ་བོ་ཟམ་གདོང་རིན་པོ་ཆེས་སྤྱི་ཚོགས་ནང་རྩོད་རྙོག་རིགས་རང་བཞིན་གྱིས་ཡོང་གི་ཡོད་པ་དང་དེ་ཚོ་འདུམ་སྒྲིག་གི་ཐབས་ལམ་སྐོར་གསུང་དོན། samdhong rinbo chie_6_may_2011“རྩོད་རྙོག་ཟེར་བ་དེ་རྣམ་དཔྱོད་ཀྱི་ཤེས་རབ་ཡོད་མཁན་ཚང་མར་མཐོང་ཚུལ་དང་བསམ་ཚུལ་མི་འདྲ་བ་ཡོད་པ་ཐག་ཆོད་པ་དང་། དེར་རྩོད་རྙོག་ཡོང་གི་ཡོད་པ་དེ་དངོས་ཡོད་གནས་ཚུལ་རེད། རྣམ་དཔྱོད་མེད་མཁན་གྱི་དུད་འགྲོའི་སྤྱི་ཚོགས་ནང་དུའང་གནས་ཚུལ་ཆུང་ཙག་ཐོག་རྩོད་རྙོག་ཡོང་གི་ཡོད་པ་རེད། རྩོད་རྙོག་མེད་པའི་སྤྱི་ཚོགས་ཤིག་ལ་རེ་བ་རྒྱག་པ་དེ་ཕལ་ཆེར་ཡོང་རྒྱུ་མེད་པ་རེད། སྤྱི་ཚོགས་བཟང་པོ་ཞིག་དགོས་ཀྱི་ཡོད་ན། རྩོད་རྙོག་བྱུང་བ་དང་བསམ་ཚུལ་དང་མཐོང་ཚུལ་མི་འདྲ་བ་ཡོང་སྐབས། དེ་ག་འདྲ་ཞིག་སེལ་རྒྱུ་རེད། འདུམ་སྒྲིག་བྱེད་སྟངས་ལ་རག་ལས་ཀྱི་རེད། འདུམ་སྒྲིག་བྱེད་སྟངས་ཡག་པོ་ཡོད་ན་སྤྱི་ཚོགས་ཀྱི་དཔལ་ཡོན་ཡར་རྒྱས་ཕྱིན་པ་དང་། ཡག་པོ་མེད་ན་སྤྱི་ཚོགས་ཀྱི་དཔལ་ཡོན་ཡག་པོ་མེད་པར་ངོས་འཛིན་བྱེད་རྒྱུ་དེ་ཤར་ཕྱོགས་པའི་འཇིག་རྟེན་པར་ལྟ་ཚུལ་ནང་སྔོན་མ་ནས་ཡོད་པ་རེད། ནུབ་ཕྱོགས་པའི་འཇིག་རྟེན་ལྟ་ཚུལ་ལ་རྩོད་རྙོག་འདུམ་འགྲིག་བྱེད་རྒྱུའི་ཚབ་ལ་རྒྱལ་ཕམ་གྱི་དབྱེ་བ་ཕྱེས་ནས། རྩོད་རྙོག་ཡོད་མཁན་གྱི་མི་ཚོ་འགྲན་སྡུར་གྱི་ནང་ཞུགས་ནས། སུ་ཁེ་ཡི་རེད། སུ་ཕམ་གྱི་རེད། ཁེ་མཁན་དེས་ཕམ་མཁན་དེར་གནོན་ཤུགས་ཀྱི་འོག་ནས་རང་གི་བསམ་ཚུལ་དེ་འགྲོ་རྒྱུའི་ཐབས་ཤེས་དེ་རྒྱུན་རིང་པོར་བསྡད་པ་རེད། འཇིག་རྟེན་གྱི་ནང་དམག་ཆེན་གཉིས་བྱུང་བའི་རྗེས་སུ་རྩོད་རྙོག་འདུམ་འགྲིག་གི་ཐབས་ལམ་ཞིག་མ་བཙལ་ཐབས་མེད་ཡིན་པ་རང་བཞིན་གྱིས་བསམ་བློ་གཏོང་དགོས་པ་བྱུང་བ་དང་། དེང་སྐབས་ནུབ་ཕྱོགས་པའི་རྩོད་རྙོག་འདུམ་སྒྲིག་ལ་བསམ་བློ་གཏོང་དགོས་པ་དང་། སློབ་ཚན་ནང་ཚུད་ཐུབ་པ་ཞིག་བྱུང་ཡོད་པ་རེད་ལ། སློབ་ཚན་དེ་གསར་པ་དང་ཡར་རྒྱས་འགྲོ་བཞིན་པའི་རིག་གནས་ཤིག་རེད། ནུབ་ཕྱོགས་པས་དེའི་ཐོག་ཤར་ཕྱོགས་པར་ཕན་ཐོགས་རྒྱུ་ཉུང་ཉུང་ཡིན་རྒྱུ་རེད་མོད། ཤར་ཕྱོགས་པས་ནུབ་ཕྱོགས་པར་དེའི་ཐོག་བློ་སྟོབས་སྐྱེད་རྒྱུ་དང་ལམ་སྟོན་བྱེད་རྒྱུ་མང་པོ་ཡོད་པ་རེད་བསམ་གྱི་འདུག ད་ལྟའི་དུས་རབས་ཉི་ཤུ་རྩ་གཅིག་པ་ཞེས་བརྩི་ཡི་ཡོད་པ་དེ་མ་བྱུང་བའི་ལོ་དྲུག་བརྒྱ་སྔོན་ནས། སྟོན་པ་འཇིག་རྟེན་ནས་བྱུང་བ་རེད། ནུབ་ཕྱོགས་པས་ད་ལྟ་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་གི་ནང་དུ་སླེབས་པ་རེད་ཅེས་ཧང་སང་བ་འདྲ་བྱེད་ཀྱི་འདུག ནང་པའི་བརྩི་སྟངས་ཡིན་ན་ང་ཚོ་དུས་རབས་ཉི་ཤུ་རྩ་དྲུག་གི་ནང་ལ་ཡོད་པ་རེད། ལོ་དྲུག་བརྒྱའི་སྔོན་ལ་འགྲོ་ཡི་ཡོད་པས། དུས་རབས་ཉི་ཤུ་རྩ་དྲུག་ནང་དུ་འགྲོ་མཁན་ཚོས་དུས་རབས་ཉི་ཤུ་རྩ་གཅིག་གི་ནང་དུ་རྗེས་ལུས་ཆགས་པ་ཚོར་སྙིང་རྗེ་ཆེན་པོའི་སྒོ་ནས་རོགས་པ་བྱེད་རྒྱུ་དང་ལམ་སྟོན། བསླབ་བྱ་སྤྲོད་དགོས་པ་དེ་གལ་ཆེན་པོ་རེད། སྟོན་པ་བཅོམ་ལྡན་འདས་ཀྱིས་རྩོད་པ་ཆོས་ཕྱོགས་ནས་ཞི་བར་བྱ་གསུངས་པ་རེད། རྩོད་པ་མེད་པ་བཟོ་རྒྱུ་དེ་རེད། རྩོད་པ་ཡོད་མཁན་གྱི་ཕྱོགས་གཉིས་ཀའི་དངོས་ཡོད་གནས་ཚུལ་དྲང་པོའི་ཐོག་ནས་རིག་པས་རྒྱུ་མཚན་ལ་བརྟག་དཔྱད་བྱས་ཏེ། རྒྱུ་མཚན་གྱི་ཐོག་ནས་ངོས་ལེན་བྱེད་སྐབས་རྩོད་པའི་གཞི་མེད་པ་ཆགས་པ་རེད། རྩོད་གཞི་ཆགས་སྟངས་ལ། རྩོད་མཁན་གཅིག་གི་བསམ་ཚུལ་ཡང་དག་པ་དང་། གཅིག་གི་བསམ་ཚུལ་ཡང་དག་པ་མ་ཡིན་པ། ཡང་དག་པ་མ་ཡིན་པ་དེར་བསམ་ཚུལ་འགྲེལ་བཤད་བརྒྱབ་ན་མཐུན་འགྲོ་ཡི་རེད། གཉིས་པ་དེ་རྩོད་མཁན་གཉིས་ཀའི་ལྟ་སྟངས་བདེན་པ་མིན་པ་ཡོང་གི་རེད། འདུམ་སྒྲིག་བྱེད་མཁན་དེ་རྩོད་མཁན་གཉིས་ཀ་ལས་བློ་གྲོས་ཀྱི་སྟོབས་ཆེ་བ་དང་རྒྱུ་མཚན་མང་བ་ར་སྤྲོད་ཐུབ་མཁན་ཞིག་ཡིན་ན། ཕྱོགས་གཉིས་ཀར་གོ་བརྡ་འཕྲོད་པའི་སྐབས་རྩོད་གཞི་མེད་པ་ཆགས་པ་རེད། གསུམ་པ་དེ་གཉིས་ཀ་བདེན་པ་ཡིན་སྲིད་པ་རེད་མོད། དེ་གཉིས་མཉམ་དུ་འགྲོ་མ་ཐུབ་པའི་སྐབས་རྩོད་རྙོག་འདུམ་སྒྲིག་པས་གནས་བབ་དང་དུས། ཁོར་ཡུག་མང་པོ་ཞིག་ལ་བསྟུན་ནས། ལག་ལེན་བསྟར་བའི་སྐབས་རིམ་པ་གཅིག་ཏུ་འགྲོ་ཐུབ་པའི་ལམ་ཞིག་སྟོན་ཐུབ་ན་རྩོད་རྙོག་འདུམ་སྒྲིག་ཐུབ་པ་ཞིག་རེད་”ཅེས་ཆོས་ཀྱི་ནང་དུ་རྩོད་རྙོག་འདུམ་སྒྲིག་གི་ཐབས་ལམ་སྐོར་སོགས་ངོ་སྤྲོད་གནང་ཡོད་པ་རེད།

t c c r_5_may_211ཁོང་གིས་མུ་མཐུད་གསུང་དོན། “རྩོད་གཞི་གཅིག་ཡང་དག་པ་དང་ཡང་དག་པ་ཡིན་མིན་བརྟག་དཔྱད་མ་བྱས་པར། རྩོད་མཁན་གྱི་ཁ་ཤུགས་ཆེ་ཆུང་དང་སྟོབས་ཆེ་ཆུང་ལ་བལྟས་ནས་གཅིག་ཁེ། གཅིག་ཕམ་ན་རྩོད་པ་འགྲིག་པ་མ་རེད་ལ། རྩོད་པ་ཞི་བ་མ་རེད། རྩོད་པ་དེ་གནས་སྐབས་བསྙལ་བཞག་པ་རེད། གྲང་སངས་སུ་བཏང་བ་རེད། ཕམ་མཁན་དེས་ག་དུས་ཡིན་ཡང་གོ་སྐབས་བྱུང་ན་ཡ་ལན་སློག་གི་ཡིན་བསམ་པའི་བསམ་བློ་དེ་ཇི་ཙམ་གྱིས་ཕམ་ཁ་ཆེ་ན་དེ་ཙམ་གྱིས་ཤུགས་ཆེ་རུ་འགྲོ་བ་དང་། རྩོད་གཞི་ཟབ་ཏུ་ཕྱིན་ནས་རྒྱུན་རིང་དུ་འགྲོ་ཡི་རེད་”ཅེས་དང་། “གཙོ་བོ་འདྲ་མཉམ་གྱི་བསམ་བློ་དགོས་པ་དང་། ད་ལྟའི་རྒྱ་བོད་ཀྱི་རྩོད་རྙོག་དེ་ཡང་རྒྱ་མིས་ང་ཚོར་མིར་མ་བརྩིས་ནས་རྩོད་རྙོག་འདུམ་སྒྲིག་ཐུབ་ཀྱི་མེད་པ་རེད། ནམ་ཞིག་ང་ཚོས་རྒྱ་མི་དེ་མིར་མ་བརྩིས་ན་ཡང་རྩོད་རྙོག་འདུམ་སྒྲིག་ཐུབ་ཀྱི་མ་རེད་”ཅེས་བོད་པའི་འཚེ་མེད་ཞི་བའི་སྒོ་ནས་འདུམ་སྒྲིག་བྱེད་དགོས་སྐོར་སོགས་ལམ་སྟོན་གནང་ཡོད་པ་རེད།

ཁོང་གིས་མུ་མཐུད་ཁྲིམས་ཁང་དང་རྩོད་རྙོག་འདུམ་སྒྲིག་ཁང་གཉིས་ཀྱིས་འདུམ་སྒྲིག་བྱེད་སྟངས་མི་འདྲ་བའི་སྐོར་གསུང་དོན། “ཁྲིམས་ཁང་ནས་གཅིག་ལ་རྒྱལ་ཁ་སྤྲོད་དགོས་པ་དང་གཅིག་ལ་ཕམ་ཁ་སྤྲོད་དགོས་པ་རེད། དངོས་ཡོད་ཀྱི་གནས་སྟངས་ལ་གཞིགས་ནས་སུ་བདེན་པ་ཆགས་འདུག་དེ་ཐག་གཅོད་བྱེད་རྒྱུ་རེད་མ་གཏོགས། བདེན་པ་མེད་མཁན་དེར་བདེན་པའི་གནས་ཚུལ་རྟོགས་ཐབས་སུ་ལམ་སྟོན་བྱེད་རྒྱུ་ཁྲིམས་ཀྱི་ནང་དུ་ཡོད་པ་མ་རེད། རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཀྱིས་བདེན་པ་ལ་ལེགས་གསོལ་དང་གཞན་པར་ཉེས་པ་གཏོང་གི་ཡོད་པ་མ་རེད་ལ། རྩོད་གཞི་ལ་ལྟ་སྟངས་མི་མཐུན་པ་དེ་སེལ་ཐབས་བྱེད་ཀྱི་ཡོད་པས། རྩོད་རྙོག་འདུམ་སྒྲིག་གི་ཐབས་ལམ་དེ་ཁྲིམས་ཀྱི་ཐབས་ལམ་ལས་ཀྱང་མཐོ་བ་རེད་ཅེས་བརྗོད་དགོས་པའི་རྒྱུ་མཚན་དེ་རེད་”ཅེས་འཚེ་བ་མེད་པའི་ཐབས་ལམ་དགོས་སྐོར་གསུངས་ཡོད་པ་རེད།

དེ་རྗེས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་ནས་རྩོད་རྙོག་རིགས་འདྲ་མིན་སེལ་ཐབས་ཀྱི་ཟབ་སྦྱོང་མང་པོ་སྤྲད་འདུག རྩོད་རྙོག་སྔོན་འགོག་དང་རྩོད་རྙོག་འདུམ་སྒྲིག་གཉིས་ཡོད་པ་རེད། དེ་སྔོན་གྱི་གནས་ཚུལ་དེ་ཚོ་རྩོད་རྙོག་སྔོན་འགོག་གི་རིགས་རེད་འདུག་ལ། བོད་པའི་སྤྱི་ཚོགས་ནང་དུ་ཡང་རྩོད་རྙོག་ཆེ་ཆུང་འདྲ་མིན་ཡོད་པས། མ་འོངས་པར་རྩོད་རྙོག་འདུམ་སྒྲིག་བྱེད་ཐབས་སུ་འབད་བརྩོན་བྱས་ཏེ། ད་ལྟ་ནས་འགོ་འཛུགས་རྒྱུ་གལ་ཆེན་ཡིན་སྐོར་དང་། རྩོད་རྙོག་འདུམ་སྒྲིག་དང་ཟབ་སྦྱོང་སྐབས་ནང་པའི་ཆོས་ལུགས་དང་སེམས་ཁམས་རིག་པ་ནས་ནང་དོན་བླངས་ནས། ཟབ་སྦྱོང་སྤྲོད་སྟངས་ནུབ་ཕྱོགས་པའི་ཤེས་བྱའི་ནང་དུ་ཡང་ཕན་ཐོགས་པ་མང་པོ་ཡོད་པས། ཟུང་འབྲེལ་བྱེད་ཐུབ་ན་ཡག་པོ་ཡོད་སྐོར་གསུངས་སོང་། །

{jcomments on}