༧གོང་ས་མཆོག་གིས་བློན་ཆེན་རྡོ་རྗེ་མཁའ་འགྲོའི་སྐུ་འཁོར་ལ་ཐུགས་གསོའི་ཕྱག་ཡིག་བསྩལ་བ།

ཐུགས་གསོའི་འཕྲིན་ཡིག་དེའི་ནང་འཁོད་དོན། ངའི་གྲོགས་པོ་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་ཉེ་ཆར་སྟབས་མ་ལེགས་པར་ཐད་འཕུར་གནམ་གྲུ་བརྡབ་སྐྱོན་གྱིས་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་གོ་ཐོས་བྱུང་བས་ང་རང་བློ་ཕམ་ཆེན་པོ་བྱུང་། སྔ་ལོ་ང་རང་མོན་རྟ་དབང་དུ་འཚམས་འདྲི་ལྟ་སྐོར་དུ་བསྐྱོད་སྐབས་སྐུ་ཞབས་རྡོ་རྗེ་མཁའ་འགྲོ་གཙོས། ཁོང་གི་སྲིད་གཞུང་ནས་ང་ལ་བསུ་བ་སྣེ་ལེན་གཟབ་རྒྱས་ཀྱིས་མཐུན་འགྱུར་གང་ལེགས་གནང་བ་དང་། དེ་གའི་ཨ་རུ་ནཱ་ཅལ་མངའ་སྡེར་ལྟ་སྐོར་བྱེད་སྐབས་ང་རང་ཕྱི་ལོ་༡༩༥༩ ལོར་ཐོག་མར་བཙན་བྱོལ་དུ་ཡོང་སྐབས་མངའ་སྡེ་གཞུང་དང་མི་མང་གིས་སྣེ་ལེན་རྒྱ་ཆེ་གནང་བ་དྲན་གསོ་བྱུང་། ངོས་ནས་སྐུ་གཤེགས་དམ་པ་དེ་ཉིད་དང་སྐུ་འཁོར་བཅས་པར་སྨོན་ལམ་དང་། རྗེས་ཤུལ་ནང་མི་ཚང་མར་་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་ཅེས་འཁོད་ཡོད་པ་རེད།།