གྲྭ་པ་གཉིས་ལ་ཁྲིམས་ཆད་དང་དགོན་པར་དམ་དྲག

lobsang darjee 1འདི་ཟླའི་ཚེས་ ༢ ཡས་མས་སུ་རྔ་པ་རྫོང་མི་མང་ཁྲིམས་ཁང་ཞེས་པས་རྔ་པ་ཀིརྟིའི་དགོན་གྱི་གྲྭ་བློ་བཟང་དར་རྒྱས་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། མི་འགྱངས་བར་ས་གནས་གཞན་དུ་སྐྱེལ་རྒྱུ་ཡིན་འདུག

ཁོང་ད་ལྟ་རང་ལོ་༣༡ ཡིན་པ་དང་། ཕ་ཡུལ་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པ་ནས་ཡིན་ཞིང་། ཕ་མིང་ལ་བློ་བཟང་ཟེར་གྱི་ཡོད་འདུག ཁོང་ནི་ཆུང་དུས་ནས་རྔ་པ་ཀིརྟིའི་དགོན་པར་གྲྭ་པ་བྱས་ཤིང་། ཕྱི་ལོ་ ༢༠༠༣ ཙམ་ནས་དབུས་ཀྱི་གདན་ས་དཔལ་ལྡན་འབྲས་སྤུངས་སུ་ཕེབས་ཏེ་ནང་དོན་རིག་པར་སློབ་སྦྱོང་གཤའ་མ་གནང་བ་དང། ཕྱི་ལོ་ ༢༠༠༨ ལོར་ལྷ་ས་འབྲས་སྤུངས་ནས་གྲྭ་མང་གིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་སྐབས་དངོས་སུ་མཉམ་ཞུགས་བྱས་པར་བརྟེན། ཁོང་རྒྱ་གཞུང་གིས་བརྒྱབ་པའི་བརྙན་འཕྲིན་ནང་ཐེབས་ཡོད་པ་དང། དེ་རྗེས་འཛིན་བཟུང་གིས་ཟླ་ ༥ ལྷག་རིང་ས་གནས་འདྲ་མིན་གྱི་བཀག་ཉར་ཁང་མང་པོ་བརྒྱུད་མཐར་རྔ་པར་བསྐྱལ་རྗེས། གློད་གྲོལ་བྱས་པ་དང་རྒྱ་གཞུང་གི་ལས་ཁུངས་སུ་ནམ་སྐད་བཏང་ན་ཡོང་དགོས་པར་མ་ཟད། རྫོང་ཁོངས་བརྒལ་ནས་ས་གནས་གཞན་དུ་འགྲོ་དགོས་ཚེ་གཞུང་ལ་སྙན་སེང་ཞུ་དགོས་པ་སོགས་ཀྱི་བཀག་རྒྱ་དམ་པོའི་འོག་གནས་དགོས་བྱུང་། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༡ ཉིན་གློ་བུར་དུ་ཁོང་གི་གྲྭ་ཤག་དུ་ཉེན་རྟོག་པ་དང་དམག་མི་བཅས་སླེབས་ནས་འཛིན་བཟུང་བྱས་དེ་ཁྲིམས་ཐག་བཅད་པ་ཞིག་རེད་འདུག

konchok tsultim1རྔ་པ་རྫོང་མཐའ་བ་གོང་མའི་བློ་ཚུལ་ཚང་གི་རྔ་པ་ཀིརྟིའི་དགོན་གྱི་གྲྭ་དཀོན་མཆོག་ཚུལ་ཁྲིམས། རང་ལོ་ ༣༣ ཙམ་ཡིན་པ་ཁོང་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ རྗེས་འཛིན་བཟུང་བྱས་ཤིང་། ཕྱི་ཟླ་ ༥ ཚེས་ཤར་ལ་རྔ་པ་རྫོང་མི་མང་ཁྲིམས་ཁང་ཟེར་བས་ལོ་ ༣ བཙོན་འཇུག་ཁྲིམས་ཐག་བཅད་དེ་མི་འགྱངས་པར་ས་གནས་གཞན་དུ་སྐྱེལ་རྒྱུ་ཡིན་འདུག ཁོང་དེང་སྐབས་དགོན་པའི་གཉེར་བ་ཡིན་པ་དང། ཁོང་གི་ཨ་མའི་མིང་ལ་བསོད་ནམས་སྒྲོལ་མ་ཟེར།

ཕྱི་ལོ་ ༤ ཚེས་ ༢༢ ཉིན་ནས་དགོན་པའི་དགེ་འདུན་པ་རྣམས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བར་གཅིག་ཀྱང་མ་སོང་བས་ཕྱི་ཟླ་ ༥ ཚེས་ ༥ བར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་གྲྭ་མང་ལྷན་དུ་བསྡུས་ནས་འཚོགས་ཐུབ་མེད་ནའང་། ཕྱི་ཚེས་ ༦ ཉིན་ནས་ངེས་པར་སློབ་གསོ་ཟེར་བ་འཚོག་དགོས་ལུགས་བཙན་ཤེད་བྱེད་ཀྱི་ཡོད་འདུག་པ་དང་། ཟླ་བ་གསུམ་གྱི་རིང་སློབ་གསོ་དེ་དང་ལེན་བྱས་ན་དེ་ནས་མཚམས་འཇོག་རྒྱུ་དང་དེ་མིན་ལོ་ཧྲིལ་བོར་དེ་ལྟར་སློབ་གསོ་གཏོང་དགོས་ཀྱང་ཕྱིར་འཐེན་བྱེད་མི་སྲིད་ཚུལ་བཤད་ཀྱིན་ཡོད་འདུག

དེ་སྔ་རྒྱལ་ཁབ་ཀྱི་དམག་མི་དང་དམིགས་བསལ་ཉེན་རྟོག་པ། ཉེན་རྟོག་པ་བཅས་ཀྱིས་དགོན་པའི་ཕྱི་ནང་དམ་དྲག་བཀག་སྡོམ་བྱས་ཡོད་ཅིང་། དེང་སྐབས་དམག་མི་རྣམས་ཀྱིས་སྒྲིག་ཆས་སེར་པོ་དེ་སྔ་མེད་པ་ཞིག་གྱོན་ནས་ཡོད་པ་མ་གཏོགས་དམག་ཆས་དངོས་གནས་གྱོན་མཁན་མངོན་སུམ་དུ་མེད་ཅིང་། ཉེ་ཁྲིས་ཀྱི་གད་འོག་སོགས་ལ་རླངས་འཁོར་ནང་ཡིབ་སྡོད་བྱས་ཡོད་འདུག དེ་སྔའི་དམག་མི་ལས་ཀྱང་སེར་ཐོ་མ་(སེར་ཐོ་མ་ཞེས་པ་གྲྭ་པ་ཚོས་གྱོན་ཆས་སེར་པོ་གྱོན་པའི་དམག་མི་ལ་འབོད་སྟངས་རེད་)མང་བ་དང། དམིགས་བསལ་ཉེན་རྟོག་པ་དང་ཉེན་རྟོག་མི་སྣས་སྔར་བཞིན་ཕྱི་ནང་ཀུན་ལ་སོ་ལྟ་བྱས་ནས་བསྡད་ཡོད་འདུག

དགོན་པའི་ཤར་ཕྱོགས་སུ་ལོ་ཤས་གོང་གྲྭ་ཤག་གི་དཀའ་ངལ་ཡོད་པའི་གྲྭ་པ་རྒན་པ་རྣམས་དང་དཔེ་ཁྲིད་དགེ་རྒན་རྣམས་ལ་དགོན་པའི་གྲྭ་བསྟན་པ་ཡར་འཕེལ་ནས་སྦྱིན་བདག་ཐབས་འཚོལ་གནང་སྟེ་ཁང་མིག་མང་པོ་ཡོད་པའི་སྤྱི་ཁང་ཆེན་པོ་ཞིག་བརྒྱབ་ཡོད་པ་དེའི་ནང་དེང་སྐབས་དམག་མི་དང་ཉེན་རྟོག་པ་སྡོད་ས་བྱས་ནས་། དགོན་པའི་གླིང་བར་ལ་དམག་མི་རྒྱུན་སྡོད་བྱས་ཡོད་འདུག གྲྭ་ཤག་རེ་རེ་བཞིན་དཔར་ལེན་འཕྲུལ་ཆས་དང་སྒྲ་ལེན་འཕྲུལ་ཆས་བཙུགས་ཡོད་པས་གྲྭ་རྣམས་ཀྱིས་ནམ་ཡིན་རུང་དོགས་ཟོན་ཆེན་པོ་བྱེད་དགོས་པར་གྱུར་ཡོད་འདུག ། གནས་ཚུལ་མཁོ་གཏོང་བ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༡ ཟླ་ ༥ ཚེས་ ༥ ལ།

{jcomments on}