སྦེལ་ཀོབ་དུ་རྒྱ་སྤྱིའི་ཨ་མའི་ཉིན་མོ་སྲུང་བརྩི།
དེ་ཡང་ཞོགས་པར་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པ་དང་བོད་ལ་རང་དབང་མྱུར་དུ་འཆར་བར་སྒྲོལ་མ་གསོག་བསྒྲུབ་བྱས་ཡོད་པ་དང་། ཉིན་རྒྱབ་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་དང་། ལྷག་པར་རྔ་པ་ཀིརྟི་ཁུལ་གྱི་བོད་རིགས་སྤུན་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་སྲོག་དོར་བའི་རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་གཙོས། བོད་ཀྱི་དཔའ་བོ་ཕོ་མོ་རྣམས་ལ་བསྔོ་སྨོན་དུ་བཟང་སྤྱོད་སྨོན་ལམ་དང་མ་ཎི་གསོག་སྒྲུབ་བྱས་ཡོད་པ་རེད།
རྒྱལ་སྤྱི་ཨ་མའི་ཉིན་མོ་སྲུང་བརྩིའི་སྐོར་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་དབང་མོས་བརྗོད་དོན། “དེ་རིང་ང་ཚོས་རྒྱལ་སྤྱིའི་ཨ་མའི་ཉིན་མོ་སྲུང་བརྩི་བྱས་པ་ཡིན། རྣམ་རྒྱུན་ཡིན་ན་དེ་རིང་གི་ཉིན་མོར་ང་ཚོ་ཨ་མ་ཚོས་དགའ་དགའ་སྤྲོ་བྱས་ནས་ཐུགས་སྤྲོ་གཏོང་སྲོལ་ཞིག་ཡོད་པ་རེད། ཡིན་ནའང་། ད་ལོ་བོད་ནང་གི་གནས་ཚུལ་ཛ་དྲག་རེད། ལྷག་པར་ཨ་མདོ་རྔ་པ་ཀིརྟི་ཡུལ་དགོན་གཉིས་ཀྱི་བོད་མི་སེར་སྐྱ་མི་མང་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད། ལྷག་པར་དུ་རྒྱལ་གཅེས་དཔའ་བོ་གྲྭ་ཚོགས་མཆོག་གིས་སྐུ་ལུས་བོད་བསྟན་སྲིད་ཀྱི་ཆེད་དུ་མེར་སྲེག་བཏང་བ་རེད། དེ་འདྲ་ཡིན་པས། ང་ཚོ་བོད་ཀྱི་ཨ་མ་ཞིག་ཡིན་སྟབས་གནས་ཚུལ་འདི་དག་ལ་སེམས་ཁུར་དང་། ཚོར་བ་རང་བཞིན་གྱིས་ཡོད་པ་ཞིག་རེད། དགའ་དགའ་སྤྲོ་བྱེད་རྒྱུའི་སྣང་བ་ཞིག་གཏན་ནས་མི་འདུག་པས། བོད་དོན་ཆེད་འདུ་འཛོམས་བྱས་ནས་ལས་འགུལ་ཆུང་ཆུང་ཞིག་སྤེལ་བ་ཡིན།”ཞེས་འགྲེལ་བརྗོད་བྱས་སོང་།།
མེ་སོར་གསར་འགོད་པས།
{jcomments on}