གཏན་དུ་བརྗེད་མི་སྲིད་པའི་དྲན་རྟེན་གྱི་རྡོ་རིང་ཞིག་ཡིན།
དེ་ཡང་ཐོག་མར་བོད་རྒྱལ་ཁབ་རྒྱལ་གླུ་དང་ཁོང་རྣམས་པར་མྱ་ངན་གུས་འདུད་མཚོན་ཆེད་དུ་ངག་བཅད་སོགས་ཀྱི་ལས་རིམ་གྲུབ་རྗེས། དགའ་བྱང་སློབ་སྤྱི་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན་མཆོག་གིས་སྨོན་ལམ་མཆོད་འབུལ་འཚོགས་དགོས་པའི་རྒྱུ་མཚན་སྐོར་ལ་འགྲེལ་བརྗོད་གནང་དོན། དགའ་བྱང་སློབ་ཕྲུག་འདི་དག་གི་བརྒྱ་ཆའི་དགུ་བཅུ་ཙམ་ཧི་མ་ལ་ཡི་རི་རྒྱུད་ནས་ཡིན་པ་དང་། ལྷག་པར་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་ལགས་ནི་མངའ་སྡེ་རང་གི་མི་མང་གི་ཆེད་དུ་གྲུབ་འབྲས་གཟེངས་སུ་ཐོན་པའི་ཕྱག་ལས་གང་མང་གནང་མཁན་གྱི་རླབས་ཆེན་གྱི་དབུ་ཁྲིད་ཞིག་ཡིན་པ་མ་ཟད། འདས་ཟིན་པའི་ནང་ལོགས་སུ་བོད་དོན་ཐོག་ལ་ཡང་རིན་ཐང་ལྡན་པའི་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཞིག་ཡིན་པའི་བཀའ་དྲིན་རྗེས་དྲན་་དང་། དེ་ལས་ཀྱང་རྒྱལ་བཅེས་དཔའ་བོ་གྲྭ་བློ་བཟང་ཕུན་ཚོགས་ལགས་ནི་བོད་མི་ས་ཡ་དྲུག་གི་སེམས་ཁོངས་ནས་དུས་གཏན་དུ་བརྗེད་མི་སྲིད་པའི་དྲན་རྟེན་གྱི་རྡོ་རིང་ཞིག་ཡིན་པ་བཅས་ལ་བརྟེན་ནས་ཐུགས་སྨོན་སྐྱབས་འཇུག་གནང་བཞིན་ཡོད་ཅེས་དང་། གཞན་ཡང་གོ་སྐབས་འདི་བརྒྱུད་ནས་རྒྱ་ནག་དམར་གཞུང་གིས་ད་ལྟ་བོད་དུ་དྲག་གནོན་བྱེད་བཞིན་པ་མྱུར་དུ་མཚམས་འཇོག་བྱེད་རོགས་ཞུ་རྒྱུ་དང་། རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཕུན་ཚོགས་ལགས་དང་། བློ་ཆེན་རྡོ་རྗེ་མཁའ་འགྲོ་གཉིས་ཀྱི་ནང་མི་སྤུན་མཆེད་ཡོངས་ལ་མྱ་ངན་གུས་འདུད་དང་སེམས་གསོ་ཞུ་བཞིན་ཡོད་ཅེད་འགྲེལ་བརྗོད་གནང་སོང་།
རྒྱ་གར་ལྷོ་ཕྱོགས་ནས་མོན་གྷོ་གསར་འགོད་པས།