ཚན་རིག་དང་ཆོས་གཉིས་འགལ་ཟླའི་ལྟ་ཚུལ་ལ་འགྱུར་བ་ཕྱིན་ཡོད།

ཟླ་འདིའི་ཚེས་༧ ཉིན་གྱི་སྔ་དྲོར་༸གོང་ས་མཆོག་གིས་ཨ་རིའི་མངའ་སྡེ་མཱན་ནི་སོ་ཏཱའི་གྲོང་ཁྱེར་མི་ནེ་པོ་ལི་སིའི་ནང་ཐོག་མར་གསར་འགོད་པ་ཚོར་མཇལ་ཁ་དང་དྲི་བར་བཀའ་ལན་བསྩལ་སྐབས་གསུང་དོན། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱིས་མི་ལོ་༤༠༠ ཙམ་རིང་ཏཱ་ལའི་བླ་མའི་མཚན་ཐོག་ནས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རྒྱུའི་ལམ་སྲོལ་ད་ཆ་མཇུག་སྒྲིལ་ཟིན་པ་དང་། ད་སྐབས་བཙན་བྱོལ་བོད་མི་རྣམས་ལ་མང་གཙོའི་རིང་ལུགས་ཀྱི་གོ་རྟོགས་ཡག་ཐག་ཆོད་ཆགས་ཡོད་པས། བོད་མི་རྣམས་ཀྱིས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་ཆབ་སྲིད་ཀྱི་འགན་དབང་རྩིས་སྤྲོད་བྱ་རྒྱུའི་དུས་ལ་བབས་ཡོད་ཅེས་སོགས་བཀའ་ལན་བསྩལ་འདུག དེ་རྗེས་ས་གནས་བོད་རིགས་མི་མང་ཚོར་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།

ཉིན་རྒྱབ་ཏུ་༧གོང་ས་མཆོག་གིས་བཞུགས་གནས་མགྲོན་ཁང་དུ་དེང་དུས་ནང་ཆོས་ཀྱི་གནས་སྟངས། ཞེས་པའི་བགྲོ་གླེང་ཚོགས་འདུར་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་སློབ་བསྩལ་ཡོད་པ་རེད། བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་མཱན་ནི་སོ་ཏཱ་གཙུག་ལག་སློབ་གྲྭའི་སྐུ་ཞབས་ཨན་ཝལ་ཊི་ནར་གྱིས་《རྒྱ་ནག་གོང་མའི་སྐབས་ཀྱི་ནང་ཆོས་》 དང་།  རྩོམ་པ་པོ་སྐུ་ཞབས་ལི་ཅང་ལིན་གྱིས་《རྒྱ་ནག་ཏུ་ནང་ཆོས་སླར་གསོ་དང་དེའི་ཕན་འབྲས་སྐོར་》 དང་།  སྐུ་ཞབས་ཀྲེན་ཝང་གིས་《དེང་དུས་རྒྱ་ནག་ཏུ་ནང་ཆོས་ཀྱི་གནས་སྟངས་》 ཞེས་པའི་བརྗོད་གཞི་སོགས་ཀྱི་སྐོར་གཏམ་བཤད་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་ཐོག་མར་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་བཟང་སྤྱོད་གོང་འཕེལ་ཇི་ལྟར་འགྲོ་ཚུལ་དང་། དེ་བཞིན་མི་རྣམས་ཀྱིས་གདོད་མའི་སྐབས་རང་གི་མངོན་འདོད་རྣམས་ཆོས་ལ་དད་པ་དང། ཡིད་ཆེས་ཙམ་གྱི་ཐོག་ནས་ཡོང་རྒྱུ་ཡིན་པའི་ཡིད་ཆེས་བྱས་ཡོད་པ་དང་།  རིམ་བཞིན་ཚན་རིག་ཡར་རྒྱས་ཕྱིན་ཏེ་སྐྱེ་བོའི་མངོན་འདོད་རྣམས་འཕྲུལ་ཆས་དང་ཚན་རིག་གི་ལམ་ནས་བསྒྲུབ་ཐུབ་པ་བྱུང་ཚུལ་སྐོར་བཀའ་སློབ་བསྩལ་ཡོད་པ་དང་།  དེ་བཞིན་ད་ཆ་ཚན་རིག་དང་ཆོས་གཉིས་འགལ་བ་ཡིན་པ་ལྟ་བུའི་ལྟ་ཚུལ་དེར་འགྱུར་བ་ཕྱིན་ཡོད་པ་དང་།  ཚན་རིག་པ་མང་པོ་ཞིག་གིས་ནང་ཆོས་ནས་གསུངས་པའི་ཚན་རིག་གི་རྣམ་གཞག་དེར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། ཚན་རིག་པའི་ཁྲོད་ནང་ཆོས་ནས་གསུངས་པའི་ཚན་རིག་ལ་དོ་སྣང་བྱེད་རྒྱུ་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པའི་ཡིད་ཆེས་མཛད་བཞིན་ཡོད་སྐོར་གསུངས་ཡོད་པ་རེད།

དེ་བཞིན་སྟོན་པ་བཅོམ་ལྡན་འདས་རང་ཉིད་ཀྱི་བཀའ་ལའང་སློབ་མ་རྣམས་ཀྱིས་དད་པ་ཙམ་ལ་མ་བརྟེན་པར་རིག་པའི་ལམ་ནས་དཔྱད་པ་མཐིལ་ཕྱིན་པ་བྱེད་དགོས་པའི་བཀའ་བསྩལ་བ་དེ་སྤྱི་ཚོགས་ཀྱི་གནས་སྟངས་ཚང་མར་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད།  ལྷག་པར་རྒྱ་ནག་ནང་དུའང་འབྲེལ་བ་ཆེན་པོ་ཆགས་ཡོད་སྐོར་སོགས་བཀའ་སློབ་གནང་ཡོད་འདུག དེ་རྗེས་དྲི་བ་དྲིས་ལན་སྐབས་༧གོང་ས་མཆོག་གིས་དེང་རབས་ཅན་གྱི་རྒྱ་ནག་དེ་དུས་རབས་བཞིར་ཆ་བགོས་མཛད་བཞིན་ཡོད་པ་དང་། དང་པོ་མའོ་ཙེ་ཏུང་གི་དུས་རབས་སྐབས་གུང་ཁྲན་གྱི་ལྟ་གྲུབ་གཙོ་བཟུང་བྱས་ཡོད་པ་དང་། དེ་རྗེས་ཏིང་ཞའོ་ཕིང་སྐབས་དཔལ་འབྱོར་གཙོ་བཟུང་བྱས་ཡོད། དེ་རྗེས་ཅང་ཙེ་མིན་དུས་སྐབས་སུ་གུང་ཁྲན་རིང་ལུགས་ཀྱིས་མཚོན་དོན་ལ་འགྱུར་བ་གཏོང་ཚུལ་དང་། མཐར་ཧུའུ་ཅིན་ཐའོ་དུས་སྐབས་འདིར་འཆམ་མཐུན་གྱི་སྤྱི་ཚོགས་བསྐྲུན་རྒྱུའི་འབོད་སྒྲ་སྒྲོག་བཞིན་ཡོད་པ་སོགས་ཀྱི་སྐོར་བཀའ་སློབ་ལམ་སྟོན་རྒྱ་ཆེར་བསྩལ་ཡོད་པ་རེད།།

གནས་ཚུལ་དང་འདྲ་པར་བོད་གཞུང་དྲ་བ་ནས་བསྡུ་བསྒྲིགས་བྱས།

{jcomments on}