རྒྱ་གར་ཤོག་དངུལ་རྫུན་མ་ས་ཡ་གསུམ་གཞུང་བཞེས།

ཟླ་འདིའི་ཚེས་༦ ཉིན་བལ་ཡུལ་གྱི་དམིགས་བསལ་ཉེན་རྟོག་རུ་ཁག་ཅིག་གིས་རྒྱལ་སའི་ལེན་ཌི་མཱག་མགྲོན་ཁང་ཞེས་པ་ནས་ལོ་ན་༥༡ ཙམ་ཡིན་པའི་པཱ་ཀི་སི་ཐན་གྱི་མི་སེར་ཧོ་སན་འཛིན་བཟུང་བྱས་པ་དང་ལྷན་དུ། ཁོས་པཱ་ཀི་སི་ཐན་ནས་ཁྱེར་ཡོང་བའི་རྒྱ་གར་དངུལ་རྫུན་མ་ལྔ་བརྒྱ་ལོ་དང་སྟོང་ལོ་ཅན་ས་ཡ་གསུམ་ལྷག་ཡོད་པ་ལག་སོན་བྱུང་ནས་གཞུང་བཞེས་བཏང་ཡོད་པ་དང་། ཉེན་རྟོག་པ་རཱི་རྗིལ་ནས་བརྗོད་ན་ཁོས་ཉིན་གཅིག་གི་སྔོན་ལ་ཤོག་དངུལ་རྫུན་མ་དེ་དག་མཁའ་ལམ་བརྒྱུད་པཱ་ཀི་སི་ཐན་གྱི་ནག་ཚོང་རུ་ཁག་ཅིག་གིས་ཆེད་གཏོང་བྱས་པ་ལྟར་ཁྱེར་ཡོང་སྟེ། བལ་ཡུལ་ནང་གི་ཤོག་དངུལ་རྫུན་མ་ནག་ཚོང་བྱེད་མཁན་ལ་སྤྲོད་རྒྱུའི་ཆེད་དུ་འབྱོར་ཡོད་འདུག།

དེའི་སྔོན་ཚེས་༤ ཉིན་ནག་ཚོང་བྱེད་མཁན་འགས་བྱིས་པའི་བྱུག་རྫས་དང་ཟ་ཆས་འདྲ་མིན་གྱི་ཤོག་སྒམ་ལ་རྒྱ་གར་ཤོག་དངུལ་རྫུན་མ་ས་ཡ་གཅིག་ལྷག་བླུགས་ནས་རྒྱ་གར་ལ་གཏོང་རྩིས་བྱེད་བཞིན་པ་འཛིན་བཟུང་བྱས་ཡོད་པ་དང་། ཕྱི་ཟླ་༤ བའི་ཚེས་༡༧ ཉིན་རྒྱལ་སའི་གངས་ལྗོངས་མགྲོན་ཁང་ནས་ཐེ་ལན་ཌིའི་ཡུལ་མི་ཡིན་པ་ཞིག་གི་ལག་ནས་རྒྱ་གར་ཤོག་དངུལ་རྫུན་མ་ས་ཡ་ལྔ་མ་ཟིན་ཙམ་ལག་སོན་བྱུང་བ་འཛིན་བཟུང་བྱས་ཡོད་འདུག།

བལ་ཡུལ་ནང་རྒྱ་གར་ཤོག་དངུལ་རྫུན་མ་མང་པོ་ཐོན་བཞིན་པའི་དཀའ་ངལ་དེ་ནི་ལོ་ཤས་སྔོན་ནས་ཚབས་ཆེན་ཞིག་ཏུ་གྱུར་ནས། བལ་ཡུལ་གཞུང་གིས་རྒྱལ་ནང་དུ་རྒྱ་གར་ཤོག་དངུལ་ལྔ་བརྒྱ་ལོ་དང་སྟོང་ལོ་ཅན་བེད་སྤྱོད་མི་ཆོག་པ་སྔ་ས་ནས་བཀག་བསྡོམས་བྱས་ན། དེ་དག་བེད་སྤྱོད་བྱས་པ་མཐོང་ཚེ་རྫུན་མ་ཡིན་མིན་ལ་མ་ལྟོས་པར་ཁྲིམས་འགལ་ལ་བརྩི་བཞིན་ཡོད་པ་རེད།།

བལ་ཡུལ་གསར་འགོད་པས།

{jcomments on}