བལ་ཡུལ་དུ་མཆོད་རྟེན་ཉམས་གསོ།
དེ་ནི་གཙོ་བོ་བལ་ཡུལ་གྱི་པཱ་ར་ཏི་པུར་ཚོགས་པ་ཞེས་པས་གཙོ་འགན་ཁུར་བའི་འོག་གཏོར་སྐྱོན་ཕོག་ནས་མང་པོ་མ་འགོར་བར་ཉམས་གསོ་ལས་གྲྭ་འགོ་བཙུགས་ཐབས་བྱས་ཡོད་ཀྱང་། ཆེད་ལས་པས་བརྟགས་དཔྱད་བྱས་པ་ལྟར་མཆོད་རྟེན་གྱི་རྩེ་མོ་ནས་རྩ་བ་བར་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་པར་བརྟེན། ད་ཆ་མཆོད་རྟེན་རྩེ་མོ་ནས་བཤིགས་ཏེ་ཡོངས་སུ་ཉམས་གསོ་བྱེད་དགོས་བྱུང་ཡོད་འདུག
ཉེ་སྔོན་ཕྱི་ཟླ་ ༢ པའི་ཚེས་༡༥ ཉིན་གྱི་སྐྱ་རེངས་དུས་ཀྱི་ཆུ་ཚོད་༥ མ་ཟིན་ཙམ་ལ་མུན་ནག་སྟུག་ཅིང་ཆར་པ་བབས་ནས་རླུང་ཤུགས་ཆེན་གཡུགས་པ་དང་མཉམ་གློ་བུར་གནམ་ནས་ཐོག་བརྒྱབ་ཏེ། མཆོད་རྟེན་འཕགས་པ་ཤིང་ཀུན་དང་མཉམ་དུ་ཡོད་པའི་མཆོད་རྟེན་Pratappur temple ཞེས་པ་དེའི་རྩ་བ་དང་རྩེ་མོ་གང་སར་གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད་པ་དང་། སྐབས་དེར་དེའི་ཉེ་འཁོར་གྱི་ནང་པའི་དགོན་པ་དང་མཆོད་རྟེན་འཕགས་ཤིང་ལ་སྐྱོན་གང་ཡང་བྱུང་མེད་ཐོག་མི་ལ་ཤི་རྨས་སོགས་གང་ཡང་བྱུང་མེད་པ་རེད།
ནམ་རྒྱུན་བལ་ཡུལ་གྱི་ཡུལ་མིའི་སྤྱི་ཚོགས་ཁྲོད་དུ་མཆོད་རྟེན་དེ་ལ་སྐྱོན་ཆགས་བྱུང་བ་ཡིན་ན། རྒྱལ་ནང་དུ་གནས་ཚུལ་ངན་པ་འབྱུང་སྲིད་པའི་ཐན་ལྟས་དང། ཡང་ན་འབྱུང་ཉེན་སྔོན་འགོག་ཆེད་ཆོས་ཀྱི་ཆོ་ག་སྤེལ་དགོས་པའི་སྔ་ལྟས་ཡིན་པའི་བཤད་སྲོལ་ཡོད་འདུག་ལ། ཕྱི་ལོ་༢༠༠༣ ལོར་མཆོད་རྟེན་དེར་གློ་བུར་དུ་མེ་སྐྱོན་བྱུང་ནས་འཐོར་ཞིག་ལ་སོང་བ་དང་རིང་པོར་མ་འགོར་བར་བལ་ཡུལ་རྒྱལ་ནང་དུ་ཆབ་སྲིད་ཀྱི་དཀའ་རྙོག་ཆེན་པོ་བྱུང་ཐོག མི་ལོ་༢༤༠ ལྷག་གི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཀྱི་རྒྱལ་པོའི་རིང་ལུགས་མཇུག་བསྒྲིལ་ཡོད་པ་རེད།
གསར་བཞེངས་ཉམས་གསོ་བྱས་ནས་མི་ལོ་༨ ཙམ་ལས་ཕྱིན་མེད་ཀྱང། བསྐྱར་དུ་ཐོག་གིས་གཏོར་སྐྱོན་ཚབས་ཆེན་བཏང་ནས་འཐོར་ཞིག་ལ་འགྲོ་ཉེན་ཆེ་བའི་མཆོད་རྟེན་Pratappur temple དེ་མི་ལོ་༣༥༠ ཙམ་གྱི་སྔོན་བལ་ཡུལ་གྱི་རྒྱལ་པོ་ཞིག་གིས་ཉིད་ཀྱི་ཡུམ་དང་བཙུན་མོ་འདས་པར་དྲན་རྟེན་དུ་བཞེངས་པ་ཡིན་འདུག་ལ། དེའི་ནང་ཧིན་རྡུ་ཆོས་ལུགས་དང་སངས་རྒྱས་ཆོས་ལུགས་ཐུན་མོང་གི་རྟེན་ཡོད་སྐོར་ཤོད་བཞིན་པ་དང་། ད་ཆ་འཛམ་གླིང་གི་གནའ་ཤུལ་སྲུང་སྐྱོབ་ཚན་པའི་གྲས་སུ་ཡོད་པ་རེད་འདུག།།
བལ་ཡུལ་གསར་འགོད་པས།