༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་བྷུ་ཤི་མཇལ་འཕྲད།
སྲིད་འཛིན་ཟུར་པ་བྷུ་ཤིའི་གཟིམ་ཁང་ནས་ཌལ་ལ་སིའི་ལྷོ་ཕྱོགས་གཙུག་ལག་སློབ་གྲྭར་ཇོར་ཇི་ཌབ་ལུ་བྷུ་ཤི་བསྟི་གནས་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ། སྐུ་ཞབས་ཇིམ་གྷི་ལ་སི་མཱན་ལགས་ཀྱིས་སྤྱི་ཡོངས་ཀྱི་མང་གཙོའི་ལྟ་གྲུབ་སྐོར་དང་ལྷག་པར་བོད་མི་ཚོའི་མང་གཙོའི་ཉམས་མྱོང་སྐོར་བཅར་འདྲི་ཞུས་པར་བཀའ་ལན་བསྩལ་བ་དེ་བརྙན་འཕྲིན་བརྒྱུད་མང་ཚོགས་ལ་བསྟན་ཡོད་འདུག དེ་རྗེས་གསོལ་སྟོན་སྐབས་༧གོང་ས་མཆོག་དང་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་ཌབ་ལུ་བྷུ་ཤི་མཆོག་སླར་ཡང་མཇལ་འཕྲད་མཛད་དེ་༧གོང་ས་མཆོག་གིས་སྲིད་འཛིན་ཟུར་པ་བྷུ་ཤི་མཆོག་ལ་བརྩེ་བའི་གྲོགས་པོ་ཞེས་འབོད་གནང་ནས་ཁོང་དང་མཇལ་འཕྲད་མཛད་རྒྱུ་ཡུན་རིང་ནས་ངང་སྒུག་མཛད་ཡོད་སྐོར་གསུངས་ཡོད་པ་རེད།
གསོལ་སྟོན་སྐབས་སྐུ་ཞབས་ཇིམ་གྷི་ལ་སི་མཱན་ལགས་ཀྱིས་༸གོང་ས་མཆོག་གིས་སྲིད་འཛིན་ཟུར་པ་མཆོག་ལ་མ་འོངས་བོད་མིའི་རྩ་ཁྲིམས་ཟིན་བྲིས་ཀྱི་འདྲ་བཤུས་ཤིག་ཕྱག་རྟགས་སུ་གསོལ་རས་བསྩལ་ཡོད་སྐོར་གསལ་བསྒྲགས་གནང་སྟེ། ཕྱག་རྟགས་དེ་ཇོར་ཇི་ཌབ་ལུ་བྷུ་ཤི་བསྟི་གནས་ཁང་གི་ཡིག་ཆ་གསོག་མཛོད་ཁང་དུ་ཉར་རྒྱུ་ཡིན་འདུག ཇོར་ཇི་ཌབ་ལུ་བྷུ་ཤི་བསྟི་གནས་ཁང་གི་འདས་པའི་དུས་རབས་༢༠ ནས་ད་ལྟའི་དུས་རབས་༢༡ རིང་རང་དབང་ཆེད་འཐབ་རྩོད་བྱས་པའི་དངོས་ཡོད་ལོ་རྒྱུས་ཀྱི་ཡིག་ཆ་དང་དངོས་རྫས་གསོག་འཇོག་ཁང་དེར་༧གོང་ས་མཆོག་གིས་བོད་མིའི་མང་གཙོའི་རྩ་ཁྲིམས་ཀྱི་ཟིན་བྲིས་ཡིག་ཆ་ཕྱག་རྟགས་སུ་བསྩལ་བ་དེ་དཔེ་མཛོད་ནང་དངོས་རྫས་ཡིག་ཆ་ཐོག་མ་དེ་ཆགས་ཡོད་པ་རེད། དེ་བཞིན་༧གོང་ས་མཆོག་གིས་དཔེ་མཛོད་དེར་སྟོན་པའི་ཞལ་ཐང་ཞིག་ཀྱང་ཕྱག་རྟགས་སུ་བསྩལ་ཡོད་འདུག
གསོལ་སྟོན་སྐབས་༧གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་ཌབ་ལུ་བྷུ་ཤི་མཆོག་གིས་བོད་དོན་རྒྱབ་སྐྱོར་གནང་བ་དེ་བདེན་པར་རྒྱབ་སྐྱོར་གནང་བ་ཞིག་ལ་ངོས་འཛིན་མཛད་བཞིན་ཡོད་སྐོར་དང། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་རྒྱབ་སྐྱོར་གནང་བ་དེ་ཆབ་སྲིད་ཀྱི་གནད་དོན་གང་ཡང་མིན་ཚུལ་གསུངས་ཡོད་པ་མ་ཟད། གསོལ་སྟོན་སྐབས་ཕེབས་མཁན་ཁྲོད་དུ་ཁོར་ཡུག་ཉམས་ཞིབ་པ་དེ་འདྲ་ཡོད་ཚེ། ཁོང་ཚོ་དང་རྒྱ་ནག་གཞུང་འབྲེལ་མི་སྣའི་དབར་འབྲེལ་བྱས་པའི་ཐོག་ནས་ཚོགས་པ་བཙུགས་ཏེ། བོད་ཀྱི་ཁོར་ཡུག་གནས་སྟངས་ལ་བརྟག་དཔྱད་ཀྱིས་དེར་སྲུང་སྐྱོབ་ཇི་འདྲ་དགོས་མིན་ཐབས་ལམ་འཚོལ་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་པའི་དགོངས་འཆར་ཡང་བཏོན་ཡོད་པ་རེད།།
གནས་ཚུལ་བོད་གཞུང་དྲ་བ་ནས་བསྡུ་བསྒྲིགས་བྱས།
{jcomments on}