བོད་ཀྱི་རྒྱལ་རྟགས་དང་རྒྱལ་དར་རྒྱལ་གླུ་གསུམ་ལ་ངེས་གཏན་མེད།

“ད་ལྟའི་རྒྱལ་རྟགས་དང་རྒྱལ་དར། རྒྱལ་གླུ་རྣམས་དེ་སྔོན་བོད་རང་དབང་ཡོད་པའི་སྐབས་སུ་གནས་སྟངས་ཇི་ལྟར་ཡིན་པའི་ལོ་རྒྱུས་ཞིབ་ཅིང་ཕྲ་བ་ངས་ཤེས་ཀྱི་མེད། ཡིན་ནའང་༡༩༥༩ ལོར་༧གོང་ས་མཆོག་རྒྱ་གར་དུ་ཕེབས་ནས་བཟུང་རྒྱལ་དར་གཏན་འབེབས་གནང། རྒྱལ་གླུ་སྲིད་ཞི་ཕན་བདེ་ཞེས་གཏོང་བཞིན་པ་འདི་བཙན་བྱོལ་དུ་གསར་རྩོམ་གནང་བ་ཞིག་རེད། རྒྱལ་རྟགས་སེང་གེ་གཉིས་ཀྱིས་འཁོར་ལོ་འདེགས་བསྡད་པ་དེ་༡༩༥༩ ལོར་བཙན་བྱོལ་གཞུང་གིས་ལས་ཤོག་ཐོག་མར་བཟོ་སྐབས་བྱུང་བ་ཞིག་རེད་”ཅེས་གསུངས་ཡོད་པ་རེད།

ད་འདི་ནས་གནད་དོན་གསུམ་ཡོང་གི་ཡོད་པ་ནི། དང་པོ། ད་ལྟའི་སྐབས་བཙན་བྱོལ་བོད་གཞུང་གིས་བེད་སྤྱོད་གནང་བཞིན་པའི་རྒྱལ་དར་དང་རྒྱལ་གླུ། རྒྱལ་རྟགས་གསུམ་༡༩༥༩ ལོར་བོད་ས་ཤོར་ཚར་བའི་རྗེས་སུ་བྱུང་བ་ཞིག་ཡིན་པ་དང། དེའང་བཅའ་ཁྲིམས་སུ་གཏན་འབེབས་བྱས་མེད་པ་ཞིག་རེད། བོད་གཞུང་དགའ་ལྡན་ཕོ་བྲང་གིས་འདས་པའི་ལོ་༤༠༠ མ་ཟིན་ཙམ་གྱི་རིང་ལ་བོད་ཀྱི་སྲིད་དབང་བཟུང་ནས་བོད་ས་མ་ཤོར་བའི་བར་དུ་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་རང་ཚུགས་ལྡན་པ་ཞིག་ཡོད་མེད་དང་། ག་འདྲ་ཡིན་མིན། ཚུལ་ཇི་ལྟར་བེད་སྤྱོད་གཏོང་གི་ཡོད་མེད་ལ་ཞིབ་འཇུག་བྱེད་དགོས། གཉིས་པ། ༧གོང་ས་མཆོག་གིས་སྐུ་དབང་ཡོངས་རྫོགས་མི་མང་གིས་བདམས་པའི་འགོ་འཁྲིད་ལ་མར་གནང་བ་འདི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་ཞིག་ཡིན་པས། སྐབས་འདི་དང་བསྟུན་ནས་ད་ལྟའི་སྐབས་རྒྱལ་རྟགས་དང་རྒྱལ་གླུ། རྒྱལ་དར་གསུམ་མི་སེར་རྒྱལ་ཁབ་ཀྱི་ལུགས་ལྟར་བཅའ་ཁྲིམས་ནང་གཏན་འབེབས་བྱེད་འོས་དང་མི་འོས། དགོས་དང་མི་དགོས་བཅས་ལ་བསམ་བློ་གཅིག་གཏོང་དགོས། གསུམ་པ། གལ་ཏེ་དགོས་ན་བོད་ཀྱི་ལོ་རྒྱུས་ཁག་ནང་ཅུང་ཟད་གསལ་ཡོད་པའི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་སོགས་རྨང་གཞིར་འཇོག་དགོས་སམ་ཡང་ན་དེ་ལས་གཞན་པ་ཞིག་བྱེད་དགོས་ཀྱི་རེད་ཅེས་པ་འདི་རེད།

མཚམས་འདི་ནས་ངས་བོད་ཀྱི་ལོ་རྒྱུས་ནང་གསལ་བའི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ལ་ཅུང་ཟད་དོགས་སློང་བྱེད་ཀྱི་ཡིན། དང་པོ། བོད་ཀྱི་རྒྱལ་དར་གྱི་སྐོར་ལོ་རྒྱུས་ནང་ཅུང་ཟད་ཁ་གསལ་པོ་ཡོད་ཅིང་། དེ་ཡང་སེང་དར་དེ་སྲོང་བཙན་གྱི་སྐབས་དམག་དར་ཡིན་པ་དང་། རིམ་གྱིས་རྒྱལ་ཁབ་ཀྱི་རྒྱལ་དར་གྱི་ངོ་བོར་གྱུར་ཡོད་པ་སྲིད་དོན་རྒྱལ་རབས་སོགས་སུ་གསལ་བས། དམག་དར་རྒྱལ་དར་གྱི་ངོ་བོར་གྱུར་ཚུལ་དེ་འཛམ་གླིང་རྒྱལ་ཁབ་ཁག་གི་རྒྱལ་དར་བྱུང་ཚུལ་དང་ཧ་ཅང་ཉེ་བས། ང་ཚོའི་རྒྱལ་དར་འདི་རང་འཇགས་བཞག་དགོས་མིན་ལ་རྩོད་པ་མེད་ལ་རྩོད་དགོས་པ་ཞིག་ཀྱང་མེད་པས། རྒྱལ་དར་འདི་ནི་ལུགས་མཐུན་ཚད་ལྡན་ཞིག་ཏུ་གྱུར་ཡོད་པ་རེད་སྙམ་ལགས། ད་དུང་འདི་ལས་ཁ་གསལ་བ་ཞིག་ནི། ཨ་རིར་གནས་སྡོད་འཇམ་དབྱངས་ནོར་བུ་ལགས་ཀྱིས་འཚོལ་སྒྲུབ་བྱས་པའི་བོད་ཀྱི་རྒྱལ་དར་གྱི་སྐོར་དེའི་ནང། བོད་ས་མ་ཤོར་བའི་སྔོན་དུ་ནུབ་ཕྱོགས་རྒྱལ་ཁབ་ཚོའི་ཅ་དངོས་ཀྱི་ཐོག་ཏུ་བོད་ཀྱི་རྒྱལ་དར་མང་པོ་བེད་སྤྱོད་གཏོང་མྱོང་བའི་སྐོར། གློག་ཀླད་བརྒྱུད་ནས་ལོ་དུས་སོགས་གསལ་བའི་ཁུངས་བཙན་གྱི་པར་རིས་ལྟ་ཐུབ་ཀྱི་ཡོད་པ་ནི་ཤིན་ཏུ་ནས་བདེན་ཁ་ཆེ་བ་འདུག་པས། ཀུན་གྱིས་དེ་ལ་ཐུགས་སྣང་གནང་རོགས་ཞུ་རྒྱུ་ཡིན།

བོད་ཀྱི་རྒྱལ་དར་ལ་འགྲེལ་བཤད་གནང་སྟངས་དེ་ཅུང་ཟད་རྩོད་གཞི་ཅན་ཞིག་ཡིན། དེའི་ཐད་ཟམ་གདོང་རིན་པོ་ཆེས། “བར་ལམ་ཞིག་ནས་རྒྱལ་དར་གྱི་བཤད་པའམ་རྒྱལ་དར་གྱི་མཚོན་དོན་འགྲེལ་བཤད་ཅིག་དེབ་ཐོག་ནས་ཐོན་འདུག་ཀྱང། དེ་གཞུང་གིས་གཏན་འབེབས་གནང་བ་ཞིག་ཡིན་ནམ། ཡང་ན་མཁས་པ་ཚོས་ཆེད་རྩོམ་གནང་བ་ཞིག་ཡིན་ང་ལ་ཞུ་རྒྱུ་མེད་”ཅེས་གསུངས་ཡོད་པ་རེད།  ངས་དྲན་གསོས་པ་ཞིག་ལ་བོད་གཞུང་གིས་བདུན་བཅུ་དོན་གྲངས་ནང་གཏན་འབེབས་བྱས་པའི་སློབ་གྲྭ་ཁག་གི་སློབ་དེབ་ནང་། རྒྱལ་དར་གྱི་འགྲེལ་བཤད་དམ་མཚོན་དོན་ཞིག་ལོགས་སུ་ཡོད་པ་དང། ཕྱིས་སུ་སློབ་དེབ་ལ་འགྱུར་བ་སོང་བ་དང་བསྟུན་ནས་རྒྱལ་དར་གྱི་མཚོན་དོན་གྱི་འགྲེལ་བརྗོད་དེའང་མེད་པ་ཆགས་པ་རེད། སྔོན་དུས་ཡོད་པའི་རྒྱལ་དར་གྱི་མཐའ་ལྕགས་སེར་པོའི་མཚོན་དོན་གྱི་འགྲེལ་བརྗོད་ལ། ཨ་རིར་གནས་བཞུགས་མཁས་དབང་ཞིག་གིས་རྩོད་པ་བརྒྱབ་ནས་ཕྱིས་སུ་འགྲེལ་བརྗོད་དེ་འགྱུར་བ་སོང་བར་གྲགས།

རྒྱལ་རྟགས་ཐད་ལ་ལོ་རྒྱུས་ནང་དེ་ཙམ་ཁ་གསལ་མེད་ཚོད་འདུག་པས་འདིར་དཔྱད་གཞི་ཅུང་ཟད་འབུལ་དཀའ་ཡང། སྤྱིར་ལུང་པ་མང་ཆེ་བའི་རྒྱལ་རྟགས་དང་དེའི་ཐོག་བྲིས་པའི་ཡི་གེ་རྣམས་སྲིད་གཞུང་གིས་གཏན་ལ་འབེབས་པའི་སྦུག་དམ་མམ་ཐམ་གའི་ཐོག་ཡོང་གི་ཡོད་པ་དང། བོད་པའི་སྦུག་དམ་གྱི་ཐོག་ཏུ་རྒྱལ་རྟགས་ཡོད་མེད་དེ་ཙམ་གསལ་ཆ་མི་འདུག་ལ་དེའི་ཐོག་གི་ཡི་གེ་ལའང་གསལ་ཆ་མི་འདུག སིམ་ལའི་ཆིངས་ཡིག་ཐོག་བོད་ཀྱི་ནང་བློན་བཤད་སྒྲ་རྡོ་རྗེས་བརྒྱབ་པའི་སྦུག་དམ་དེ་ནི་གྲུ་བཞི་རི་མོ་ཅན་ཞིག་ཡིན་པ་ལས་ཡི་གེ་དང་སེང་གེ་སོགས་གང་ཡང་མེད། གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ཐོག་ཡོད་པའི་ཐམ་ག་དེ་ནི་མ་གཞི་ནས་རྒྱ་ནག་གིས་རྫུན་བཟོ་བྱས་པ་ཞིག་རེད་ལ། དེའི་ཐོག་ཏུའང་ཡི་གེ་སོགས་གསལ་ཆ་གང་ཡང་མེད་པས། བོད་ཀྱི་སྲིད་དབང་སྤྱི་ལ་ཁྱབ་པའི་སྦུག་དམ་རྒྱལ་རྟགས་ཅན་དང་ཡི་གེ་ཅན་ནམ། ཡང་ན་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་པ་རྒྱལ་བ་བྲིས་པའི་ཐམ་ག་སོགས་མཐོང་ཆོས་སུ་ཅུང་ཟད་དཀོན་པོར་སྣང་བས་དེ་དོན་དཔྱད་ཞིབ་བྱེད་དགོས་སྙམ་ལགས།

ད་ལྟའི་རྒྱལ་གླུ་ནི་ཡོངས་འཛིན་ཁྲི་བྱང་རིན་པོ་མཆོག་གིས་བཙན་བྱོལ་དུ་གསར་དུ་ལྗགས་རྩོམ་གནང་བ་ཞིག་ཡིན་པ་དང། འདིའི་གདངས་དེ་སྔོན་དུས་བོད་དུ་གཏོང་སྲོལ་ཡོད་པའི་གདངས་ཤིག་རང་འཇགས་བཞག་ཡོད་འདུག དེའང་ཟམ་གདོང་རིན་པ་ཆེས། “སྲིད་ཞི་ཕན་བདེ་ཞེས་གཏོང་བཞིན་པ་འདིའི་རོལ་དབྱངས་དང་གདངས་སྔ་མོ་ནས་ཡོད་པ་ཞིག་ཡིན་ཡང། ཚིག་དེ་བཙན་བྱོལ་ལ་འབྱོར་རྗེས་གསར་རྩོམ་གནང་བ་རེད་”ཅེས་གསུངས་ཡོད་པ་རེད། སྔོན་མ་རོལ་དབྱངས་དང་གདངས་འདི་འདྲ་བའི་ཐོག་ནས་གང་ཞིག་གཏོང་སྲོལ་ཡོད་འདུས་པས། དེའི་དོན་དང་ཚིག་གི་སྦྱོར་བ་སོགས་ཇི་ལྟར་ཡིན་མིན་ལ་ཞིབ་དཔྱོད་བྱེད་ཐུབ་ན། འབྱུང་འགྱུར་རྒྱལ་རྟགས་གཏན་འབེབས་སྐབས་དེའི་ཐོག་དགོས་པའི་ཡི་གེ་འདི་ནས་བརྙེད་སྲིད་པ་ཞིག་རེད།

དོན་ཧྲིལ་གྱིས་བསྡུས་ན། རྒྱལ་རྟགས་དང་རྒྱལ་དར་རྒྱལ་གླུ་བཅས་བཅའ་ཁྲིམས་ཀྱི་ནང་དུ་གསལ་མེད་པས། འདི་བསྐྱར་བཅོས་འཁྱེར་གཞི་མེད་པས་དེ་དོན་འདི་བསྐྱར་བཅོས་ཀྱི་ཆེད་དུ་མིན་པ་ཚང་མས་ཤེས་དགོས་པ་རེད།བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཟིན་བྲིས་སུ་གསལ་བའི་རྒྱལ་རྟགས་འོག་ཏུ་”བདེན་པ་ཉིད་རྒྱལ་གྱུར་ཅིག་”ཅེས་པ་དེ་བསྐྱར་བཅོས་ཀྱི་ཆེད་དུ་མིན་ཡང། རྒྱལ་རྟགས་འོག་ཏུ་འབྲི་རྒྱུ་དེ་ལྟར་བཞག་ནའང་མི་ཆོག་པ་མིན་སྙམ། “བདེན་པ་ཉིད་རྒྱལ་གྱུར་ཅིག་”ཅེས་པའི་ཚིག་དེ་རྒྱ་གར་གྱི་རྒྱལ་རྟགས་ཀྱི་འོག་ཏུ་ SATYAMEVA JAYATE “བདེན་པ་རྟག་ཏུ་རྣམ་པར་རྒྱལ་”ཞེས་ཧིན་རྡུའི་ནང་བྲིས་ཡོད་པ་དེ་དཔེར་བཤུས་ནས། བོད་པའི་རྒྱལ་རྟགས་ཀྱི་མཐར་འབྲི་རྒྱུ་དེ་བསམ་ཚུལ་བཏོན་པ་ཡིན་སྲིད་ལགས། རྒྱ་གར་གྱི་རྒྱལ་རྟགས་བཟོ་སྟངས་དེ་འདིར་ང་ལ་དཔྱད་གཞིའི་ཡིག་ཆ་ཡོད་པས་དུས་ཚོད་ཁོམ་དུས་ཟིན་བྲིས་སུ་འགོད་འཆར་ཡོད་ལགས། ༢༠༡༢ ཟླ་༥ ཚེས་༡༢ ཉིན།།