མོན་གྷོ་རུ་རྔམ་སྟོན་ཁྲོམ་སྐོར་ལས་འགུལ།
མོན་གྷོ་ས་གནས་སུ་ཡོད་པའི་གདན་ས་ཆེན་པོ་དགའ་འབྲས་གཉིས་དང་བཙུན་དགོན་བྱང་ཆུབ་ཆོས་གླིང་བཅས་ཀྱི་གཙོས་གྲྭ་ཚང་ཁག་དགུའི་གྲྭ་མང་དང། གཞིས་གྲོང་ཁག་དགུའི་མི་མང་བཞི་སྟོང་ལྷག་མཉམ་ཞུགས་ཀྱིས་གདན་ས་ཆེན་པོ་དགའ་ལྡན་བླ་སྤྱིའི་མདུན་ཐང་ནས་འགོ་བཙུགས་ཏེ། རྒྱ་གར་མོན་གྷོ་ས་གནས་འགོ་འཛིན་ལས་ཁུང་གི་མདུན་ཐང་བར་གོམ་བགྲོད་བྱས་ཡོད་པ་དང་། གོམ་བགྲོད་པ་ཚོའི་ལག་ཏུ་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་ལགས་ཀྱི་འདྲ་པར། དེ་བཞིན་རྒྱ་ནག་གིས་བོད་ནང་དྲག་གནོན་འཕྲལ་དུ་མཚམས་འཇོག་དགོས་པ་དང་། དེ་བཞིན་འཛིན་བཟུང་བྱས་ཟིན་པའི་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་དང་། མི་མང་མྱུར་དུ་གློད་གྲོལ་གཏོང་དགོས་སྐོར་སོགས་ཀྱི་སྦྱར་ཡིག་དང་འཕྲེད་དར་འདྲ་མིན་ལག་ཏུ་བཟུང་སྟེ་ངག་ནས་བྱང་ཆུབ་སེམས་མཆོག་མ་གྱེར་བཞིན་གོམ་བགྲོད་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་པ་དང་། ཉིན་དེར་ལས་འགུལ་དང་འབྲེལ་ས་གནས་གཞོན་ལྷན་གྱིས་ངོས་ནས་རྒྱ་གར་གཞུང་དང་མངའ་སྡེ་གཉིས་ལ་བོད་སྐྱོབ་རེ་སྐུལ་གྱི་ཞུ་སྙན་ཞིག་ཀྱང་ཕུལ་ཡོད་པ་རེད།
དགོས་འདུན་དོན་ཚན་གསུམ་གྱི་ནང་དོན་གཙོ་བོ་ནི། དང་པོ་བོད་ཨ་མདོ་རྔ་པ་ཀིརྟི་དགོན་པ་ནས་རྒྱ་ནག་གི་དམག་དཔུང་མྱུར་དུ་ཕྱིར་འཐེན་བྱེད་དགོས་པ་དང། གཉིས་པ། རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་འདྲ་མིན་བོད་ནང་དུ་སྤེལ་བཞིན་ཡོད་པ་དེ་མཚམས་འཇོག་བྱེད་དགོས་པ་། གསུམ་པ། ཀིརྟི་དགོན་པའི་དགེ་འདུན་པ་སུམ་བརྒྱ་ལྷག་འཛིན་བཟུང་བྱས་ཡོད་པ་དང་། གཞན་ཡང་སྔ་རྗེས་སུ་བོད་ནང་གི་སེར་སྐྱ་གང་མང་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་ཚང་མ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་གློད་བགྲོལ་གཏོང་དགོས་ཞེས་འཁོད་ཡོད་པ་རེད།
གཞན་ཡང་ཉིན་དེར་རྒྱ་གར་མོན་གྷོ་ས་གནས་འགོ་འཛིན་དང། ཀར་བར་རྫོང་གི་རྫོང་དཔོན། དེ་བཞིན་ཀར་ཎ་ཊ་ཀཱ་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་ཞིག་བཅས་གོམ་བགྲོད་ལས་འགུལ་ཐོག་ཆེད་ཕེབས་ཀྱིས་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཚུལ་གྱི་གཏམ་བཤད་གནང་དོན། བོད་རིགས་དང་རྒྱ་གར་མི་མང་གཉིས་ཁ་ཁར་ཕྱེ་རྒྱུ་མེད་པ་ཞིག་ཆགས་ཀྱི་ཡོད་ལ། ང་ཚོ་ཚང་མ་གཅིག་མཚུངས་ཀྱི་སེམས་འཚབ་ཡོང་གི་ཡོད། རྒྱ་གཞུང་གིས་བོད་མི་མང་ལ་ཚད་ལས་བརྒལ་བའི་གདུག་རྩུབ་འོག་དཀའ་ངལ་གང་མང་སྤྲོད་བཞིན་ཡོད་པ་དེར། ང་ཚོས་སེམས་གཏིང་ནས་ཁྱེད་རང་ཚོར་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་པ་མ་ཟད། ཁྱེད་རང་ཚོ་གཞོན་ལྷན་ཚོགས་པའི་ངོས་ནས་ཕུལ་བའི་སྙན་ཞུའི་ཡི་གེ་དེ་ཡང་། ང་ཚོའི་མངའ་སྡེ་དང་རྒྱ་གར་དབུས་གཞུང་ལ་ངེས་པར་དུ་འབུལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་སོང།
དེ་བཞིན་ཉིན་དེའི་དགོང་དྲོ་ཆུ་ཚོད་༧ ནས་ཕྱི་ཚེས་༡༢ ཉིན་གྱི་ཞོགས་པ་ཆུ་ཚོད་༧ བར་མོན་གྷོ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག མི་མང་སུམ་བརྒྱ་ལྷག་འདུ་འཛོམས་ཀྱིས་༧གོང་ས་མཆོག་གི་ཞབས་རིམ་ཆེད་དུ་སྒྲོལ་མའི་མཚན་ཚོགས་ཤིག་གཞིས་གྲོང་གསུམ་པའི་དུས་འཁོར་ལྷ་ཁང་དུ་འཚོགས་ཡོད་པ་དང། དེ་ཡང་ས་གནས་བུད་མེད་ཚོགས་གཙོ་དཔལ་མོ་ལགས་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། སྤྱི་བཏང་བུད་མེད་ལྷན་ཚོགས་དབུས་ས་གཉིས་ནས་ཐུན་མོང་ཐོག་༧གོང་ས་མཆོག་གི་ཞབས་རིམ་ཁག་མི་འདྲ་བ་བཅུ་གསུམ་གསོག་སྒྲུབ་བྱེད་གཏན་ཁེལ་ཡོད་ལ། དོ་དགོང་སྒྲོལ་མ་མཚན་ཚོགས་འདི་ཡང་གཙོ་བོ་༧གོང་ས་མཆོག་གི་ཞབས་རིམ་དང་། གཞན་ཡང་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཆེད་རང་ལུས་མཆོད་མེ་རུ་ཕུལ་མཁན་སྐུ་གཤེགས་དཔའ་བོ་གྲྭ་ཕུན་ཚོགས་ལགས་གཙོས་མི་ལོ་ལྔ་བཅུ་ང་གཉིས་ཀྱི་བརྒྱུད་རིམ་ནང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང། རྒྱལ་ཁབ་སླར་གསོ་བཅས་ཀྱི་ཆེད་དུ་སྐུ་སྲོག་ཤོར་བའི་དཔའ་བོ་དང་དཔའ་མོ་རྣམས་ལ་བསྔོ་སྨོན་དང་མར་མེ་སྟོང་མཆོད་འབུལ་གྱི་ཡོད་ཅེས་གསུངས་སོང།།
རྒྱ་གར་ལྷོ་ཕྱོགས་ནས་མོན་གྷོ་གསར་འགོད་པས།
{jcomments on}