ཡུ་རོབ་དང་རྒྱ་ནག་གི་འབྲེལ་བ་ཉེ་རུ་སོང་ཡོད་ཟེར།

ཟླ་འདིའི་ཚེས་༡༣ བོད་གཞུང་གི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བ་ལྟར་ན། ཉེ་དུས་ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་གཞུང་གཉིས་དབར་ཚོང་སོགས་ཀྱི་འབྲེལ་ལམ་བཟང་དུ་འགྲོ་བཞིན་ཡོད་པ་དང། དེའི་ཐད་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུངས་པའི་དཔྱད་གླེང་ཞིག་སྤེལ་ཡོད་པ་རེད། དེ་ཡང་ཁོང་གིས། ཡུ་རོབ་མཉམ་འབྲེལ་ལྷན་ཚོགས་དེ་རྒྱལ་ཁབ་༢༧ ལས་གྲུབ་པའི་སྒྲིག་འཛུགས་ཤིག་ཆགས་ཡོད་པ་དང།  སྒྲིག་འཛུགས་འདི་དང་རྒྱ་ནག་དབར་ཚོང་གི་འབྲེལ་བ་རྒྱ་ཆེན་པོ་ཆགས་པར་བརྟེན། མི་མང་པོས་ཡུ་རོབ་ལྷན་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་དང་། བོད་ཀྱི་གནད་དོན་ཐོག་ཐུགས་ཁུར་བཞེས་རྒྱུའི་ཤུགས་ཆུང་དུ་འགྲོ་ཡི་རེད་ཅེས་སེམས་འཚབ་བྱེད་མཁན་མང་པོ་བྱུང་ཡོད་རུང། དངོས་ཡོད་གནས་ཚུལ་ཐོག་ཡུ་རོབ་ལྷན་ཚོགས་དང་ལྷག་པར་ཡུ་རོབ་ལྷན་ཚོགས་ཀྱི་གྲོས་ཚོགས་ནས། རྒྱ་ནག་གཞུང་གི་ཐོག་དོ་སྣང་བྱེད་དགོས་པ་མང་དུ་ཕྱིན་ཡོད་པ་རེད་བསམ་གྱི་ཡོད་ཅེས་གསུངས་ཡོད་པ་རེད།

ཁོང་གིས་མུ་མཐུད་ནས། རྒྱ་ནག་དང་ཡུ་རོབ་ལྷན་ཚོགས་ཀྱི་དཔོན་རིགས་རྣམས་ཐུག་འཕྲད་བྱེད་སྐབས། སྤྱིར་བོད་ཀྱི་གནད་དོན་དང་ཡང་སྒོས་འགྲོ་བ་མིའི་ཐོབ་ཐང་གི་སྐོར་གླེང་སློང་བྱས་དང་བྱེད་མུས་རེད། ཕྱོགས་མཚུངས་རྒྱ་ནག་ནང་དུ་མང་གཙོ་ཤུགས་ཆེ་རུ་གཏོང་རྒྱུའི་ལས་འགུལ་སྤེལ་མཁན་གྱི་རྒྱ་རིགས་མང་པོས། འགྲོ་བ་མིའི་ཐོབ་ཐང་སོགས་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་རྒྱུའི་གནས་ཚུལ་དེ་དག་ཧ་ཅང་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད། ངས་ལོ་མང་པོ་ཞིག་ཡུ་རོབ་ལྷན་ཚོགས་ཕྱི་འབྲེལ་སྡེ་ཚན་གྱི་གནད་ཡོད་ལས་བྱེད་མང་དག་ཅིག་དང་འབྲེལ་བ་བྱས་པའི་ཉམས་མྱོང་ཐོག་ནས་ཞུས་ན། བོད་ཀྱི་གནད་དོན་ཐོག་ཡུ་རོབ་ལྷན་ཚོགས་ནས་དོ་སྣང་གནང་རྒྱུ་དེ་ཤུགས་ཆེ་རུ་ཕྱིན་མེད་ནའང་ཆུང་དུ་རྩ་བ་ནས་ཕྱིན་མི་འདུག་བསམ་གྱི་འདུག་ཅེས་གསུངས་ཡོད་པ་རེད།།

{jcomments on}