རྒྱ་ནག་གི་ཀན་སུའུ་ཞིང་ཆེན་དུ་འབར་རྫས་གས་འཐོར།

ཟླ་འདིའི་ཚེས་༡༥ ཉིན་རྒྱ་ནག་གི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བོད་མི་འབོར་ཆེན་གནས་སྡོད་བྱེད་ས་ཀན་སུའུ་ཞིང་ཆེན་དང་ཟི་ཁྲོན་ཞིང་ཆེན། མཚོ་སྔོན་ཞིང་ཆེན། ཡུ་ནན་ཞིང་ཆེན་བཅས་བཞི་ཡིན་པ་དང། དེའི་ནང་ཀན་སུའུ་ཞིང་ཆེན་ནང་བོད་མིའི་ཁྱིམ་ཚང་༢༡༠༠༠༠ ལྷག་ཙམ་གནས་སྡོད་བྱེད་ཀྱི་ཡོད་པ་དང། ཉེ་དུས་ཀན་སུའུ་ནུབ་བྱང་བོད་ཀྱི་ས་ཁུལ་ཕྱོགས་ཀྱི་གྲོང་གསེབ་ཀྱི་དངུལ་ཁང་ཞིག་གི་ནང་། ལག་བཟོའི་འབར་རྫས་ཤིག་གས་འཐོར་བྱུང་ནས་མི་གྲངས༣༩ ཙམ་ལ་རྨས་སྐྱོན་བྱུང་ཡོད་པའི་ནང་ནས། མི་༦ ཙམ་ལ་རྨས་སྐྱོན་ཆེན་པོ་ཕོག་ཡོད་ཚུལ་བརྗོད་ཡོད་པ་རེད།

ཀན་སུའུ་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། དངུལ་ཁང་ནང་ལས་ཀ་བྱེད་མཁན་ཚོས་ཚོགས་འདུ་འཚོག་བཞིན་པའི་སྐབས། གློ་བུར་དུ་འབར་རྫས་གས་འཐོར་བྱུང་བས། མི་༡༠ ཙམ་ཁང་པ་ཐོག་བརྩེགས་བཞི་ཅན་གྱི་སྒེའུ་ཁུང་ནས་མཆོང་ཡོད་པ་དང། མི་མང་པོ་ཞིག་ཚོགས་ཁང་ནས་བྲོས་བྱོལ་མ་ཐུབ་ནས་རྐང་ལག་སོགས་ལ་རྨས་སྐྱོན་བྱུང་ཡོད་ཅིང་། འབར་རྫས་དེ་ནི་བཟོ་གྲྭ་ནས་ཐོན་སྐྱེད་བྱས་པ་ཞིག་མིན་པར་རང་བཟོ་འབར་རྫས་ཤིག་ཡིན་པ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

བོད་མི་ཚོས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྐོར་དགོས་སྐོར་བརྗོད་དེ། རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་ཀྱི་ཡོད་པ་བརྟེན། རྒྱ་ནག་གཞུང་གིས་དུས་རྒྱུན་བོད་མི་ཚོར་སྐྱོན་འཛུགས་འདྲ་མིན་བྱེད་ཀྱི་ཡོད་པ་དང་། ད་ཐེངས་ཡང་རྒྱ་ནག་གི་བརྒྱུད་ལམ་འགའ་ཤས་ནས་སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་ཀིརྟི་དགོན་གྱི་དགེ་འདུན་པ་དང་ཡུལ་མི་ཚོ།  ད་ལྟའི་སྐབས་རྒྱ་ནག་གི་ཉེན་རྟོག་པ་དང་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པས།  ད་ཐེངས་དངུལ་ཁང་དུ་འབར་རྫས་གས་འཐོར་གྱི་དོན་རྐྱེན་དེའི་རྒྱབ་ཏུ། རྔ་པ་ཁུལ་གྱི་གནད་དོན་དེ་དང་འབྲེལ་བ་ཡོད་པའི་དོགས་གཞི་ཡོད་ཚུལ་ཡང་བརྗོད་ཡོད་པ་རེད།།