བཀའ་ཁྲིས་ཟས་བཅད་ངོ་རྒོལ་བ་ཚོར་གཟིགས་ཞིབ།
ཟླ་འདིའི་ཚེས་༡༥ འདི་ག་གསར་ཁང་དུ་ས་གནས་ནས་གནས་ཚུལ་འབྱོར་གསལ་དུ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་ལྡི་ལིར་སྐུ་ཚབ་དོན་གཅོད་བཀའ་བློན་བསྟན་པ་ཚེེ་རིང་རྣམ་གཉིས། ལྡི་ལིར་ཟས་གཅད་ངོ་རྒོལ་བྱེད་བཞིན་པའི་དབུས་གཞོན་ནུའི་རྒྱུན་ལས་རྣམས་ལ་གཟིགས་ཞིབ་ཀྱི་ཆེད་དུ་ཕེབས་ཡོད་པ་དང། སྐབས་དེར་ཟམ་གདོང་རིན་པོ་ཆེ་མཆོག་གིས། ༧གོང་ས་མཆོག་གིས་ཟས་བཅད་ངོ་རྒོལ་ཞུགས་མཁན་ཚོའི་འཕྲོད་བསྟེན་གྱི་གནས་བབ་ལ་ཐུགས་ཁྲལ་གནང་ཡོད་པའི་སྐོར་འགྲེལ་བརྗོད་གནང་བ་དང། དེ་བཞིན་བཀའ་ཤག་གིས་ཀྱང་དེ་ལྟར་སེམས་ཁྲལ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད། དེ་བཞིན་བཀའ་ཤག་གི་ངོས་ནས་ཟས་བཅད་ངོ་རྒོལ་གྲ་སྒྲིག་ལྷན་ཚོགས་ལ་ཡི་གེ་ཞིག་གནང་བའི་ནང། ད་ལྟའི་སྐབས་ཟས་བཅད་ངོ་རྒོལ་གནང་ནས་དུས་ཡུན་རིང་པོ་སོང་ཡོད་པས། རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་དང་རྒྱབ་སྐྱོར། ཆིག་སྒྲིལ་གྱི་ནུས་པ་སོགས་ཐོན་ཡོད་པས། ཟས་བཅད་ངོ་རྒོལ་ལ་ཞུགས་མཁན་ཚོའི་འཕྲོད་བསྟེན་ལ་དམིགས་ནས་མཚམས་འཇོག་གནང་དགོས་པའི་རེ་སྐུལ་སོགས་ཞུས་ཡོད་པ་རེད།
བོད་མདོ་སྨད་ཨ་མདོ་རྔ་པ་ཁུལ་གྱི་ཀིརྟི་དགོན་དུ་རྒྱ་ནག་གཞུང་གིས་དམ་དྲག་བྱེད་བཞིན་པ་རྣམས་ཕྱིར་འཐེན་མ་བྱས་བར་དུ། དབུས་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་དང་ཟུང་དྲུང་བསྟན་འཛིན་ནོར་བཟང། དཔལ་འབྱོར་འགན་འཛིན་དཀོན་མཆོག་ཡ་འཕེལ་གསུམ་གྱིས། ཟླ་བ་སྔོན་མའི་ཚེས་༢༥ ནས་འགོ་འཛུགས་ཀྱིས་ལྡི་ལིར་དུས་ཚོད་ངེས་མེད་ཀྱིས་ཟས་ངོ་རྒོལ་བྱེད་བཞིན་ཡོད་པ་དང། ད་ལྟའི་སྐབས་ཉིན་༢༡ ཙམ་འགྲོ་ཡི་ཡོད་པས་དོན་གྲུབ་ལྷ་དར་གྱི་གཟུགས་པོའི་ལྗོད་ཚད་ཀི་ལོ་༡༦ མར་ཆག་ཡོད་པ་དང། བསྟན་འཛིན་ནོར་བཟང་ལ་ཀི་ལོ་༡༡ མར་ཆག་འདུག དཀོན་མཆོག་ཡ་འཕེལ་ལ་ཀི་ལོ་༡༣ མར་ཆག་ཡོད་པ་རེད། ཟས་བཅད་ངོ་རྒོལ་བྱས་པའི་རིང་ཕྱི་རྒྱལ་དང་རྒྱ་གར་གྱི་ཆེས་མཐོའི་དཔོན་རིགས་ཚོ་ཆེད་ཕེབས་ཀྱིས་གདུང་སེམས་མཉམ་བསྐྱེད་དང། དེ་བཞིན་ཉེ་ཆར་འདེམས་ཐོན་བྱུང་བའི་སྐབས་རྗེས་མའི་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་དང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སོགས་ཆེད་ཕེབས་གནང་ཡོད་པ་རེད། དེ་བཞིན་ཀིརྟི་རིན་པོ་ཆེ་དང་ཤིང་བཟའ་རིན་པོ་ཆེ་སོགས་ཕེབས་ནས། ཟས་བཅད་ངོ་རྒོལ་བ་ཚོའི་འཕྲོད་བསྟེན་གྱི་ཆེད་དུ་མཚམས་འཇོག་དགོས་པ་དང། སླད་ཀྱི་ཆར་ལས་དོན་མང་པོ་བསྒྲུབ་དགོས་པས་ངེས་པར་དུ་གཟུགས་གཞི་བདེ་ཐང་དགོས་པའི་སྐོར་གྱི་འབོད་སྐུལ་ཞུས་ཡོད་པ་རེད།