ཐང་ཀ་འགྲེམས་སྟོན་དང་དཔེ་དེབ་དབུ་འབྱེད།

དེ་ནི་ཟླ་འདིའི་ཚེས་༡༣ ཉིན་བལ་ཡུལ་རྒྱལ་སར་ཡོད་པའི་ཡུལ་སྐོར་ཁེ་ལས་ཚན་པའི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོར་ཆུ་བཟང་རིན་པོ་ཆེ་དང་། རྒྱ་གར་འབྲས་ལྗོངས་གཞུང་གི་ནང་བའི་ཆོས་ཕྱོགས་ཀྱི་མི་སྣ་གཙོ་གྲས་ཚེ་མཆོག་གླིང་སྤྲུལ་སྐུ་བསྟན་འཛིན་དགེ་ལེགས། བྷ་དབྱངས་སྦྲུལ་སྐུ་སོགས་ཕེབས་ཡོད་པ་དང་། མཛད་སྒོའི་ཐོག་ནང་པའི་ཐང་ཀ་སློབ་གཉེར་ལྟེ་གནས་ཁང་གི་འབྲེལ་ཡོད་མི་སྣ་ཨ་ལེ་རྟ་མང་ནས་བརྗོད་དོན། མི་རིང་བར་བདག་ཅག་གི་ནང་བའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མཆོག་སྐུ་འཁྲུངས་ནས་མི་ལོ་ ༢༥༥༥ འཁོར་བའི་དུས་ཆེན་ཁྱད་པར་ཅན་སླེབས་ཀྱི་ཡོད་པར་བརྟེན། ད་ཐེངས་ཀྱི་བྱེད་སྒོ་འདི་སྤེལ་ནས་དུས་ཆེན་སྲུང་བརྩི་བྱེད་ཞོར་ནང་པ་སངས་རྒྱས་པའི་བསྟན་པ་དར་ཞིང་རྒྱས་ནས་འཕེལ་བ་དང་། འཛམ་གླིང་ཞི་བདེ་ལ་ཕན་པར་དམིགས་ནས་ཡིན་པས། ཐང་ཀ་དག་ཀྱང་གཙོ་བོ་རྒྱ་གར་འབྲས་ལྗོངས་གཞུང་གིས་དཔལ་འབྱོར་གྱི་འགྲོ་སོང་བཏང་ཐོག་མཐུན་འགྱུར་རོགས་རམ་གནང་བ་དང་བལ་ཡུལ་གྱི་ཐང་ཀ་འབྲི་མཁན་རྩེ་ཕུད་ཁག་གཅིག་གིས་བྲིས་ནས་ལེགས་འགྲུབ་བྱུང་བ་ཡིན་པས་ལག་རྩལ་པ་དང་ལྷག་དོན་འབྲས་ལྗོངས་གཞུང་ལ་ཐུགས་རྗེ་ཆེ་ཞེས་བརྗོད་ཡོད་པ་རེད།

མཛད་སྒོའི་ཐོག་ད་དུང་ཀྲི་ཀ་ཤར་པས་བལ་བོའི་སྐད་ཡིག་ལ་བསྒྱུར་བའི་རྒྱལ་མཆོག་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ནས་བརྩམས་པའི་སྟོན་པའི་མཛད་པ་དང་འབྲེལ་བའི་དཔེ་དེབ་དེ་ཡང་ཡོངས་བསྒྱུར་ལེགས་འགྲུབ་ཟིན་ནས་འགྲེམས་སྤེལ་དབུ་འབྱེད་དང་། བལ་ཡུལ་གྱི་འཕགས་པ་ཀླུ་སྒྲུབ་ཤེས་ཡོན་ལྟེ་གནས་ཁང་གིས་བལ་བོའི་སྐད་ཡིག་ལ་བསྒྱུར་བའི་༸གོང་ས་ཏཱ་ལའི་བླ་མའི་ནང་ཆོས་ངོ་སྤྲོད་དང་། སྙིང་རྗེའི་ནུས་སྟོགས་ཞེས་བའི་དཔེ་དེབ་གཉིས་བསྐྱར་པར་འགྲེམས་སྤེལ་བྱས་ཡོད་པ་རེད།།
བལ་ཡུལ་གསར་འགོད་པས།