《བོད་ཀྱི་ཚིག་མཛོད་ཆེན་མོ》 དབུ་འབྱེད་ཀྱི་མཛད་སྒོ་འཚོགས་པ།
དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་དང། ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས། གཞན་ཡང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ། བོད་གཞུང་གི་དྲུང་ཆེ་ཁག་སོགས་འབྲེལ་ཡོད་མི་སྣ་ཁག་ཕེབས་ཡོད་པ་རེད། མཛད་སྒོའི་ཐོག་ཚིག་མཛོད་རྩོམ་སྒྲིག་པ་བློ་བཟང་བསྟན་དར་གྱིས་གསུངས་པ་ལྟར་ན། ཚིག་མཛོད་སྒྲིག་པའི་བསམ་ཚུལ་ཞིག་སྔོན་མ་ནས་ཡོད་ཅིང། ཕྱི་ལོ་༡༩༩༠ ནང་ནས་མིང་ཚིག་གསོག་ཉར་གནང་ཞིང། རྗེས་སུ་ཚིག་མཛོད་དེ་འདྲ་སྒྲིག་མཁན་གཞན་མེད་པར་མཐོང་ནས་ཁོང་གིས་ལག་པ་འཆང་ནས་ལས་ཀ་བྱས་པ་མ་ཟད། ཤེས་བྱ་ཀུན་བཏུས་ཀྱི་ཚིག་མཛོད་(encyclopedia) ལྟ་བུ་ཞིག་བཟོ་རྒྱུའི་དམིགས་ཡུལ་བཟུང་ཡང་རྗེས་སུ་གནས་སྟངས་གང་ཅིའི་ཐད་ཡོང་རེ་མེད་པར་བརྟེན། གཞི་རྒྱ་ཆེ་བའི་ཚིག་མཛོད་ཅིག་རྩོམ་སྒྲིག་གནང་རྒྱུ་ཐག་བཅད་ནས། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གཙོས་པའི་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་དང། དྲུང་ཆེའི་སྐུ་བདུན་དུ་བཅར་ནས་མཐུན་འགྱུར་གནང་བའི་རེ་འདུན་ཞུས་པ་ལྟར། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་རྒྱབ་སྐྱོར་ཐོབ་ཅིང། མི་ལོ་བཅུ་གསུམ་ལྷག་གི་རིང་ལས་ཞོར་དུས་ཚོད་ཡོད་ཚད་ལ་ཉམས་ཞིབ་བྱས་ནས་པར་བསྐྲུན་ཐུབ་པ་བྱུང་བ་ཞིག་རེད་འདུག
ཚིག་མཛོད་དེའི་ནང་དུ་ཁྱོན་བསྡོམས་མིང་ཚིག་ཁྲི་དྲུག་ལྷག་ཙམ་དང། ཤོག་གྲངས་ཉིས་སྟོང་ལྷག་ཡོད་ཅིང། ལུང་ཚན་བྱེ་བྲག་པའི་མིང་ཚིག་དང་སྐད་ཆའི་འགྲོས་སྤྱི་སྐད་དུ་སྤུངས་གང་ཐུབ་བྱེད་པའི་ངལ་བ་རིང་དུ་དོར་ནས། མིང་ཚིག་ཡོད་ཚད་བསྡུ་བའི་འབད་པ་བྱས་མེད་པ་རེད། འོན་ཀྱང་སྔོན་བྱོན་མཁས་པའི་དག་ཡིག་ཁུངས་མ་རྣམས་དང། བོད་ཆོལ་ཁ་གསུམ་གྱི་ཁྱོན་ལ་གཅིག་གྱུར་དུ་སྤྱོད་པའི་ཐ་སྙད་གང་མང་བསྡུ་ཐབས་ལ་འབད་པ་ཉིན་མཚན་དུས་དྲུག་ཏུ་བྱས་ཤིང། བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་བརྡ་ཆད་གསར་པ་གཏན་འབེབས་བྱས་པའི་མིང་ཚིག་རྣམས་ཀྱང་དེར་འདུས་ཡོད་འདུག ཀ་མད་གོ་རིམ་ཚིག་མཛོད་གཞན་ལྟར་བསྒྲིགས་ཡོད་པ་དང། བྱ་བྱེད་ཐ་དད་པ་དང། བྱ་བྱེད་ཐ་མི་དད་པ། ཁྱད་གཞིའི་མིང། ཁྱད་ཆོས་ཀྱི་མིང། སྤྱི་སྒྲ་དང་དེ་སྒྲ། གྲངས་ཚིག ཕྲད། ཚིག་རྒྱན། ཚིག་གྲོགས། རྣམ་དབྱེའི་རྐྱེན། འབོད་སྒྲ་བཅས་རིགས་བཅུ་གཅིག་ཏུ་ཕྱེས་ནས་ནང་དོན་དང། ནང་གསེས་དབྱེ་དགོས་པ་རྣམས་ལ་སོ་སོར་ཨང་རྟགས་བཀོད་ཡོད་པ་རེད། དེ་བཞིན་རྒྱལ་ཁབ་ཁག་ནས་བོད་སྐད་དར་བའི་མིང་ཚིག་རྣམས་ལ་དབྱེ་རྟགས་གསལ་པོ་ཡོད་ཅིང། མཐོ་ཚད་དང་རྒྱ་ཁྱོན། རིང་ཐུང་སོགས་ཀྱི་ཚད་གཞི་རྣམས་རྒྱལ་སྤྱིའི་ཁྱབ་ཆེ་བའི་ཐ་སྙད་རང་སོར་བཞག་ཡོད་ཅིང། བོད་ཀྱི་ལོ་རྒྱུས་ཐད་ཀྱི་ལོ་ཚིག་རྣམས་འཁྲུལ་གཞི་མི་ཡོང་ཆེད། རང་བྱུང་གང་ཡིན་དང། ལོ་ཁམས། ཕྱི་ལོའི་སྔོན་དང་ཕྱི་ལོའི་རྗེས་ཀྱི་དུས་ཚིགས་གང་ཁེལ་སོགས་མ་འདྲེས་པར་གསལ་བར་བཀོད་པ་སོགས་ཚིག་མཛོད་གཞན་དང་མི་འདྲ་བའི་ཁྱད་ཆོས་མང་པོ་ཡོད་པ་རེད།
བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་སྤྱིར་སྐད་ཡིག་ནི་མི་རིགས་གཞན་ཞིག་ཡིན་པའི་དབྱེ་བ་འབྱེད་མཁན་དེ་ཡིན་པ་དང། ཚིག་མཛོད་སོགས་ནི་དུས་ནམ་ཡང་རྙིང་པ་ཆགས་རྒྱུ་མེད་པའི་ངག་གི་རང་བཞིན་ཞིག་ཡིན་སྟབས་ཤིན་ཏུ་དགོས་གལ་ཆེ་བ་དང། ཤེས་བྱ་ཀུན་བཏུས་ཚིག་མཛོད་(encyclopedia) ལྟ་བུ་ད་ལྟ་བོད་པའི་སྤྱི་ཚོགས་ནང་དགོས་པ་ཞིག་ཆགས་ཀྱི་ཡོད་མེད་ཐད་གཞི་ནས་བསམ་གཞིགས་གྲོས་བསྡུར་དགོས་པ་ཞིག་ཡིན་སྐོར་དང། ཚིག་མཛོད་རྩོམ་སྒྲིག་གི་ལས་ཀ་བྱེད་མཁན་ཡོངས་ལ་བསྔགས་བརྗོད་དང་འཚམས་འདྲིའི་ཁ་བཏགས་ཀྱང་གཡོགས་སོང།
ཚིག་མཛོད་དེ་གཙོ་བོ་བོད་པའི་སློབ་གྲྭ་ཁག་དམིགས་པ་ཡིན་སྟབས། སློབ་གྲྭ་ཁག་དང་ཤེས་ཡོན་གྱི་བསྟི་གནས་ཁང་ཁག་ལ་མ་ཁྱབ་པ་མེད་པར་ཚོང་འགྲེམས་བྱེད་རྒྱུ་ཡིན་པ་རེད། གལ་སྲིད་མངགས་ཉོ་གནང་འདོད་ཡོད་པ་རྣམས་ཀྱིས་ལྡི་ལི་ཤེས་རིག་པར་ཁང་དུ་འབྲེལ་བ་བྱེད་དགོས་ཀྱི་ཡོད་པ་དང། བལ་ཡུལ་དུ་མངགས་ཉོ་གནང་མཁན་ཚོས་བལ་ཡུལ་མཆོད་རྟེན་ཤེས་པར་ཡན་ལག་དང། དྷ་རམ་ས་ལའི་ཉེ་འཁོར་དུ་དྷ་ས་ཤེས་པར་ཡན་ལག་ཏུ་མངགས་ཀྱང་འགྲིག་གི་ཡོད་པ་རེད། དེ་བཞིན་རྗེས་སུ་རིམ་བཞིན་ཚིག་མཛོད་དེ་ཉིད་གློག་ཀླད་དུ་ལྟ་ཀློག་ཐུབ་པ་བྱེད་རྒྱུའི་འཆར་གཞི་ཡང་ཡོད་འདུག
ཚིག་མཛོད་རྩོམ་སྒྲིག་པ་ངམ་རིང་བློ་བཟང་བསྟན་དར་ནི། བོད་ནང་དུ་འཚར་ལོངས་བྱུང་ཞིང། མཐོ་སློབ་བར་སློབ་གྲྭར་འགྲིམས། དེ་ནས་བཙན་བྱོལ་དུ་ཕེབས་ཏེ་དྷ་ས་མཚན་ཉིད་དམ་རིགས་ལམ་སློབ་གཉེར་ཁང་དུ་ལོ་ལྔའི་རིང་སློབ་སྦྱོང་གནང། དེ་རྗེས་ཤེས་རིག་སློབ་དེབ་རྩོམ་སྒྲིག་སོགས་ཀྱི་ལས་ཀ་བྱས་ནས་ཁྱོན་མི་ལོ་བཅོ་ལྔ་ཙམ་རིང་རྩོམ་སྒྲིག་གི་ལས་ཀ་གནང་མྱོང་ཡོད་པ་རེད།།
{jcomments on}