ཁྲིམས་མཐུན་གྱི་དངུལ་སྤྲོད་ལེན་བྱེད་ཕྱོགས་སོགས་ཀྱི་ཟབ་སྦྱོང།
ཟླ་འདིའི་ཚེས་༡༨ ཉིན་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་གཏོང་ལེན་རོགས་ཚོགས་ཀྱི་གོ་སྒྲིག་འོག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་དང། དེ་བཞིན་ཐེབས་རྩ་ཚོགས་པ་ཁག དགོན་སྡེ་ཁག དབུས་བཙན་བྱོལ་བོད་གཞུང་གི་སྡེ་ཚན་ཁག་ཅིག་བཅས་ཀྱི་ཚོགས་མི་བརྒྱ་ལྷག་རྩམ་ཞིག་ལ་དམིགས་བསལ་ཁྲིམས་དང་འབྲེལ་བའི་ཟབ་སྦྱོང་ཞིག་སྤྲད་ཡོད་པ་རེད།
གཏོང་ལེན་རོགས་ཚོགས་ཀྱི་འབྲེལ་མཐུད་པ་བསོད་ནམས་ལགས་ཀྱིས་དེའི་སྐོར་བརྗོད་དོན། དེང་སང་རྒྱ་གར་གཞུང་གི་ཁྲིམས་ལ་ངོས་འཛིན་ཞུ་དགོས་པ་དང། ཁྲིམས་མཐུན་ཐོག་ཚོགས་པ་གང་འདྲ་ཞིག་ཡིན་རུང་དེབ་སྐྱེལ་བྱས་སྟངས་དང་ཕྱི་རྒྱལ་རོགས་ཚོགས་ནས་རོགས་དངུལ་ལེན་པ་དང་བེད་སྤྱོད་བྱེད་ཕྱོགས་ཐད། རྒྱ་གར་གཞུང་གི་ཁྲིམས་གང་འདྲ་ཡིན་མིན་དང་དེ་དག་ལ་འགྱུར་བ་གང་ཕྱིན་ཡོད་མེད་ཤེས་དགོས་པ་གལ་ཆེན་པོ་ཆགས་ཡོད། འོང་ཀྱང་ང་ཚོ་བོད་པའི་ཚོགས་པ་མང་པོ་ཞིག་གིས་དེའི་ཐད་ཤེས་མཁན་དང་དོ་སྣང་ཡོད་པ་དེ་ཙམ་མཐོང་གི་མི་འདུག་པས། ཆེད་མངགས་ལྡི་ལི་ནས་དེ་དང་འབྲེལ་བའི་མཁས་དབང་ཞིག་མགྲོན་འབོད་བྱས་ཏེ་ཟབ་སྦྱོང་གོ་བསྒྲིགས་བྱས་པ་ཡིན་ཞེས་འགྲེལ་བརྗོད་གནང་སོང།
ཟབ་སྦྱོང་སྤྲོད་མཁན་མར་ཌིན་པིན་ཌོ་ལགས་ཀྱིས་ཚོགས་པ་དེབ་སྐྱེལ་བྱེད་ཕྱོགས་དང། གཞུང་ལ་འཁྲལ་སྤྲོད་ཕྱོགས། ཕྱི་རྒྱལ་ཡུལ་གྲུ་ནས་རོགས་དངུལ་རིགས་ལེན་ཕྱོགས་དང། གསོག་ཉར་བྱེད་སྟངས་གཙོས་གཞན་ཡང་ཁྲིམས་དང་འབྲེལ་བའི་བྱེད་སྒོ་ཁག་ཅིག་ལ་ལམ་སྟོན་གྱི་ཟབ་སྦྱོང་སྤྲད་ཡོད་པ་རེད།།