འཛམ་གླིང་གི་སྨྲ་ར་འགྲན་སྡུར་གྱི་གཟེངས་རྟགས།

breatདེ་ཡང་ཟླ་འདིའི་ཚེས་༡༦ ཉིན་བྷི་བྷི་སིའི་དྲ་ལམ་སྟེང་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་གི་སྨྲ་ར་འགྲན་སྡུར་དེ་ཕྱི་ལོ་༡༩༩༥ ནས་འགོ་འཛུགས་ཀྱིས། ལོ་གཉིས་རེའི་མཚམས་སུ་རྒྱལ་ཁབ་འདྲ་མིན་ནང་འགྲན་སྡུར་བྱེད་ཀྱི་ཡོད་པ་དང། འགྲན་སྡུར་འདི་ནི་རྒྱལ་སྤྱིའི་རྩེད་རིགས་ཀྱི་ཁོངས་སུ་འཛུལ་ཞུགས་ཀྱིས་གྲ་སྒྲིག་བྱེད་ཀྱི་ཡོད་ཅིང། ལུང་པ་སོ་སོའི་སྐྱེས་པ་ཚོས་དམིགས་བསལ་གྱི་སྨྲ་ར་དང་རྒྱ་འཇོག་སྟངས། དེ་བཞིན་སྐྲའི་སྒྱུ་རྩལ་བ་ཚོས་སྨྲ་ར་དང་རྒྱ་ལ་ཐུན་མོང་མ་ཡིན་པའི་ལག་རྩལ་བཏོན་ནས། འགྲན་སྡུར་བྱེད་སྐབས་སྨྲ་ར་དང་བཟོ་ལྟ་སྣ་ཚོགས་བྱེད་མཁན་གྱི་སྒྱུ་རྩལ་བ་གཉིས་ཀ་ལ་གཟེངས་རྟགས་ཐོབ་ཀྱི་ཡོད་པ་རེད།

དེ་ཡང་ལོ་འདིའི་ནང་ནོར་ཝེ་རྒྱལ་ཁབ་ཏུ་འཛམ་གླིང་གི་སྨྲ་ར་འགྲན་སྡུར་ནང་ཞུགས་མཁན་སྐྱེས་པ་༡༦༠ འཛུལ་ཞུགས་བྱས་ཡོད་པའི་ནང་ནས། རང་ལོ་༤༧ ལ་སོན་པའི་འཇར་མིན་གྱི་ཨིལ་མར་ཝུ་སར་ཞེས་པར་གཟེངས་རྟགས་ཐོབ་ཡོད་པ་དང། ཁོང་གིས་འདས་པའི་ལོ་མང་པོའི་ནང་དབྱིན་ལན་དང་འཇར་མིན་སོགས་སུ། འཛམ་གླིང་གི་སྨྲ་ར་འགྲན་སྡུར་ནང་ཐེངས་མང་ཞུགས་མྱོང་ཡོད་པ་དང། རྒྱུན་ལྡན་ནས་སྨྲ་ར་དང་རྒྱ་ལ་དམིགས་བསལ་གྱིས་དོ་སྣང་བྱས་ཏེ་གཅེས་སྐྱོང་བྱེད་ཀྱི་ཡོད་པ་རེད།

རྒྱལ་སྤྱིའི་སྨྲ་ར་འགྲན་སྡུར་གྱི་གཟེངས་རྟགས་ཐོབ་རྗེས་སུ་གསར་འགོད་པར་བརྗོད་དོན།

ཁོང་གིས་རྒྱུན་ལྡན་ནས་སྨྲ་ར་དང་རྒྱ་རྣམས་རིལ་རིལ་བྱས་ནས་བསྡམས་ཀྱི་ཡོད་པ་ལས། གལ་སྲིད་མར་གློད་པ་ཡིན་ན་སྐེད་པའི་འོག་ནས་དཔྱི་འགོར་སླེབས་ཀྱི་ཡོད་པ་དང། ད་ཐེངས་ཀྱི་འགྲན་རྩོད་ཁྲོད་དུ་འཛམ་གླིང་ནས་སྨྲ་ར་མི་འདྲ་བའི་མི་སྣ་མང་པོ་འཛོམས་ཡོད་པའི་ཐོག འགྲན་སྡུར་སྐབས་སྨྲ་རའི་ཁྱད་ཆོས་མི་འདྲ་བ་ཁག་༡༤ ཙམ་ལ་འགྲན་སྡུར་བྱེད་དགོས་པ་དང་། དེ་ཡང་རྒྱུན་ལྡན་སྨྲ་རའི་རང་བཞིན་དང་འཇོག་སྟངས། རྒྱལ་པོའི་ལུགས་ཀྱི་སྨྲ་ར་འཇོག་སྟངས། སྐབས་དང་དུས། སྲོལ་རྒྱུན་གྱི་ངོ་བོ་མཚོན་པའི་མི་རྣམས་ཀྱི་སྨྲ་ར་འཇོག་སྟངས་སོགས་སྣ་ཚོགས་ཡོད་པ་རེད་ཅེས་བརྗོད་ཡོད་པ་རེད།