མོན་གྷོ་རུ་༧གོང་ས་མཆོག་གི་མཛད་རྣམ་ཐད་བགྲོ་གླེང།

བགྲོ་གླེང་ཚོགས་འདུའི་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་དང་། མོན་གྷོ་ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་གཉིས་ཀྱི་གཙོས་ཁམས་ཚན་གྱི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམ་པ་དང་གྲྭ་མང་མཉམ་ཞུགས་གནང་ཡོད་པ་རེད། ཐོག་མར་བཞུགས་ཁྲི་རིན་པོ་ཆེར་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་དང་མཇལ་དར་སྒྲོན་འབུལ། སྣང་གསལ་མར་མེ་ཞལ་འབྱེད་སོགས་ཀྱི་ལས་རིམ་གྲུབ་རྗེས།

tehor kamtsenབགྲོ་གླེང་གཙོ་སྐྱོང་བ་མིག་དམར་ཚེ་རིང་གིས་བགྲོ་གླེང་གི་དམིགས་ཡུལ་སྐོར་ལ་གསུང་དོན། ༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ནི་འཛམ་གླིང་སྐྱེ་འགྲོ་སྤྱི་དང་ལྷག་པར་བོད་ཁ་བ་གངས་ཅན་པ་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་བར་བརྟེན། བཀའ་དྲིན་རྗེས་སུ་དྲན་པའི་ཐོག་འདི་ལོ་བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ནས་༧གོང་ས་མཆོག་དགུང་གྲངས་༧༥ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་སྲུང་བརྩི་ལོ་གཅིག་འཁོར་མ་ཞུ་རྒྱུའི་བཀའ་ཡིག་རིན་པོ་ཆེའི་དགོངས་དོན་བཞིན་འདི་གར་ཁམས་ཚན་ནས་གོ་སྒྲིག་ཞུས་ཡོད་པ་དང་། འབྲས་བློ་གླིང་ཏྲེ་ཧོར་ཁམས་ཚན་ནི། ༧རྒྱ་དབང་སྐུ་ཕྲེང་ན་རིམ་དང་དམིགས་བསལ་དམ་ཚིག་གི་འབྲེལ་བ་ཆེན་པ་ཡོད་ལ་ལྷག་པར་དུ་༧རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་དང་དམིགས་བསལ་འབྲེལ་བ་དམ་ཟབ་ཡོད་པ་ཟད།  རྒྱལ་དབང་ལྔ་པ་ཆེན་པོས་ཁམས་ཚན་འདིར་བཅའ་ཡིག་རིན་པོ་ཆེ་དང་རྟའི་ལྕག་ཚན་ཞིག་ཀྱང་གནང་མྱོང་ཡོད་པ་རེད།

དུས་དེ་ནས་བཟུང་ཏྲེ་ཧོར་ཁམས་ཚན་གྱི་དགེ་འདུན་པ་རྣམས་ཐུགས་མཐུན་ཞིང་ཁྲིམས་གཙང་བའི་སྒོ་ནས་བཤད་སྒྲུབ་འཆད་ཉན་རྣམས་ཡར་ངོའི་ཟླ་ལྟར་འཕེལ་བ་མ་ཟད། བསྟན་དང་འགྲོ་བར་ཕན་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཟུར་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས་སོགས་ཀྱིས་མཚོན་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུ་ཕེབས་ཡོད་པ་མ་ཟད། ཁོང་རྣམ་པ་༧གོང་ས་མཆོག་དང་ཐུགས་ཐག་ཀྱང་ཧ་ཅང་ཉེ་བོ་ཡོད་པ་རེད་ཅེས་དང་། ཏྲེ་ཧོར་ཁམས་ཚན་འདི་ཉིད་ལ་མཚོན་ན་ཡང་༧གོང་ས་མཆོག་གི་བཀའ་དགོངས་འོག་ཤར་བསྐྱོད་བྱེད་མཁན་ཡིན་ལ། དེ་རིང་ཡང་༧གོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ཆོས་སྲིད་ཀྱི་མཛད་ཆེན་ཁག་ངོ་སྤྲོད་དང་འབྲེལ་བགྲོ་གླེང་འདི་གོ་སྒྲིག་བྱས་པ་ཡིན་ཞེས་གསུངས་སོང་། དེའི་རྗེས་སུ་ཤར་པ་ཆོས་རྗེ་མཆོག་གིས་གཙོས་སྐུ་མགྲོན་རྣམ་པས་བགྲོ་གླེང་དེ་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་ཡོད་པ་མ་ཟད། བགྲོ་གླེང་བ་རྣམས་ཀྱིས་ཀྱང་༧གོང་ས་མཆོག་གི་མཛད་རྣམ་ངོ་སྤྲོད་དང་བགྲོ་གླེང། གྲྭ་མང་གིས་དྲི་བ་དྲིས་ལན་སོགས་གོ་བསྡུར་ལྷུག་པོ་གནང་སོང་།

དེ་བཞིན་ཉིན་དེར་འབྲས་བློ་གླིང་མི་ཉག་ཁམས་ཚན་དང་ཀླུ་འཁྱིལ་ཁམས་ཚན་གཉིས་ཀྱི་ཐུན་མོང་གོ་སྒྲིག་འོག་དགའ་ལྡན་ཁྲི་རིན་པོ་ཆེ་གཙོ་བཞུགས་ཐོག་༧གོང་ས་མཆོག་གི་རྨད་བྱུང་ཆོས་སྲིད་གཉིས་ཀྱི་མཛད་འཕྲིན་ཁག་ངོ་སྤྲོད་དང་འབྲེལ་བགྲོ་གླེང་ཚོགས་འདུག་ཞིག་ཀླུ་འཁྱིལ་ཁམས་ཚན་དུ་འཚོགས་ཡོད་པ་རེད།།

རྒྱ་གར་ལྷོ་ཕྱོགས་མོན་གྷོ་ནས་ས་གནས་གསར་འགོད་པས།