རྒྱལ་གླུ་དང་རྒྱལ་དར་གྱི་ཚེ་མཇུག

ད་ལན་སྐབས་སུ་བབ་པ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་རྒྱལ་ཁབ་ཅེས་འཁོད་པར་བསྐྱར་བཅོས་ཀྱི་ཟིན་བྲིས་ནང། མི་རིགས་ཞེས་བཟོ་བཅོས་དགོས་པའི་སྐོར་ཚོགས་ཆུང་ནས་རྒྱབ་གཉེར་གནང་འདུག་པ་དེའི་རྒྱབ་ལྗོངས་དང་རྒྱུ་མཚན་གང་གི་ཐོག་ནས་བསམ་བློ་བཏང་ཡང་བློ་ངོར་ཤོང་ཐུབ་པའི་གནད་དོན་ཞིག་གཏན་ནས་མ་རེད། དཔེར་ན་བཅའ་ཁྲིམས་དོན་ཚན་ང་བདུན་པའི་ནང་གསེས་དང་པོ་རུ། “རྒྱལ་ཁབ་དང་། མང་ཚོགས་”ཞེས་སོགས་འཁོད་ཡོད་ཀྱང། བསྐྱར་བཅོས་ནང་”མི་རིགས་དང་། མང་ཚོགས་”ཞེས་བཟོ་བཅོས་བརྒྱབ་པ་ལྟ་བུ་རེད།

དང་པོ་རྒྱལ་ཁབ་ཅེས་པ་དེ་ད་ལྟའི་ཆར་བོད་མི་རིགས་ཀྱི་ལོ་རྒྱུས་ལས་འཕྲོས་ནས་བོད་མི་ཡོངས་ཀྱི་སེམས་ངོར་ཡལ་མེད་དུ་གནས་པའི་མངོན་འདོད་དེ་རེད་ཅེས་བརྗོད་ཆོག་ལ། ལྷག་པར་དུ་ད་ལྟའི་ཆར་གནད་དོན་གང་ཞིག་ལ་བརྟེན་ནས་རྒྱལ་ཁབ་ཅེས་པ་དེ་བསྒྱུར་བཅོས་བཏང་བ་ཡིན། གནད་དོན་འདིའི་རྒྱབ་ལྗོངས་ལ་བསམ་བློ་གཏོང་སའི་གཞི་ལྟ་བུ་ཕྱོགས་གཉིས་ཡོད་པ་དང། ཕྱོགས་གཅིག་ནས་རྒྱ་དམར་གཞུང་ལ་བསྟུན་མཁས་བྱས་པ་ཞིག་ཡིན་སྲིད་པ་དང། ཡང་ན་རྒྱ་གར་གཞུང་ལའང་བསམ་བློ་བཏང་བ་ཡིན་སྲིད་པ་རེད། འོན་ཀྱང་ད་ལྟའི་ཆར་རྒྱ་ནག་གཞུང་ལ་བསྟུན་མཁས་བྱེད་དགོས་པའི་གཞི་རྩ་གང་ཡང་མེད་ལ། བསྟུན་མཁས་བྱེད་སའི་ལམ་ཁ་ཡང་ལྷག་མེད། གལ་སྲིད་དེ་ལྟར་ཡིན་ན་རྒྱ་ནག་གཞུང་དང་འབྲེལ་བ་ཆད་ཟིན་པ་མ་ཟད། ང་ཚོར་ཆབ་སྲིད་ཀྱི་ཁེ་བཟང་གང་ཡང་མེད་པར་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཤག་ཤག་བྱས་ནས་ལོ་རྒྱུས་ཀྱི་གནད་དོན་ལ་ནག་ཐིག་ཕབ་པ་ཞིག་ཏུ་གྱུར་ཡོད། ད་དུང་དྲན་དགོས་པ་ཞིག་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནང་དུ་ག་རེ་འཁོད་ཡོད་མེད་དེ། མ་འོངས་པར་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྐབས་སུ་ལག་བསྟར་དགོས་པའི་རྩ་དོན་ཞིག་ཏུའང་གཏན་ནས་འགྱུར་མི་སྲིད།

གལ་སྲིད་བོད་རྒྱའི་གནད་དོན་ཐད་ནས་རེ་ཐག་ཆད་དེ་བཙན་བྱོལ་བོད་གཞུང་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོ་བོར་བསྒྱུར་བ་དང་ཆབས་གཅིག སྐྱབས་བཅོལ་བོད་མི་རྣམ་པ་ཡང་རྒྱ་གར་རྒྱལ་ཁབ་ཀྱི་ནང་ཚན་མི་རིགས་ཤིག་བཟོ་འཆར་ཡིན་ནམ་ཟེར་བའི་དྲི་བ་དེ་སླེབས་ཡོང་གི་ཡོད་པ་རེད། དོན་དངོས་ཐོག་གོང་གི་དྲི་བ་དེ་ཡང་ཡིན་མི་སྲིད་པ་ལྟ་བུ་རེད་སྙམ། རྒྱུ་མཚན་གཅིག་ཡོད་པ་ནི། བོད་པ་རྣམས་བཙན་བྱོལ་དུ་ཡོང་དགོས་པའི་ཐོག་མའི་དམིགས་ཡུལ་རྩ་བརླག་ཏུ་སོང་བ་ཞིག་དང། བོད་རྒྱལ་ཁབ་ཅེས་པའི་རེ་བ་དང་སླར་གསོ་བྱེད་པའི་དམིགས་ཡུལ་དེར་རྫོགས་ཚིག་འགོད་དགོས་ན། ལས་སླ་པོ་ཞིག་གཏན་ནས་མ་ཡིན་པར་ཕྱོགས་མང་པོ་ཞིག་ལ་བསམ་བློ་གཏོང་དགོས། གལ་སྲིད་རེ་བའི་ཕུགས་དམིགས་སུ་བོད་རྒྱལ་ཁབ་ཀྱི་མིང་ཙམ་ཡང་མེད་པ་བཟོ་རྒྱུའི་ལྟ་ཚུལ་བཟུང་ཡོད་པའི་དབང་དུ་བཏང་ན། རང་སྲོག་གིས་འགྲོ་སོང་གཏོང་བཞིན་པའི་གཞིས་ལུས་རྒྱ་ཆེའི་མི་མང་གི་རེ་བའི་མེ་ཕུང་ལ་ཆུ་འཁྱག་བླུག་པ་དང་གཅིག་མཚུངས་སུ་གྱུར་འདུག

བཅའ་ཁྲིམས་བསྐྱར་བཅོས་སྐབས་རྒྱལ་ཁབ་ཅེས་པའི་མིང་གི་ཚབ་ཏུ་མི་རིགས་ཟེར་བ་དེ་གཏན་འབེབས་བྱུང་ན། ཉིན་དེ་ནས་བཟུང་། བོད་ཀྱི་རྒྱལ་གླུ་ཞེས་པ་ཞིག་དགོས་དོན་མེད་ལ། བོད་ཀྱི་རྒྱལ་དར་དང། བོད་ཀྱི་རྒྱལ་རྟགས་ཞེས་པའི་ཐ་སྙད་འདི་དག་ཀྱང་ང་ཚོ་དང་འབྲེལ་བ་གང་ཡང་མེད་པ་ཞིག་ཏུ་གྱུར་སོང་བ་རེད། སྐབས་དེ་དུས་མི་རིགས་ཀྱི་ངོ་བོ་མཚོན་པའི་གླུ་དབྱངས་ཤིག་ཡོད་པའི་དབང་དུ་བཏང་ཡང་། དེ་ལ་རྒྱལ་གླུ་ཞེས་པའི་ཐ་སྙད་འདི་མི་ཐོབ་ལ། སེང་གེ་ཁ་སྤྲོད་དང་ནོར་བུ་མེ་འབར་ཡོད་པའི་རྒྱལ་དར་དེ་ལའང་། དུས་དེ་ནས་བཟུང་མི་རིགས་སམ། ཡང་ན་ཚོགས་པ་ཞིག་གི་དར་ཆ་རུ་རང་བཞིན་གྱིས་གྱུར་སོང་བ་རེད། དེར་བརྟེན་འདི་ལྟ་བུའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་མཐོང་ཡོང་བའི་སྐབས་སུ། སྐབས་རེ་གཉིད་མི་ཁུག་པ་དང། སྐབས་རེ་ཡིད་མི་ཆེས་པ་ལྟ་བུར་གྱུར་འདུག

བོད་རྒྱལ་ཁབ་དེ་རྒྱ་དམར་གཞུང་གིས་བཙན་དབང་གིས་ཁྱུར་མིད་བཏང་ཟིན་ནའང། བོད་མི་རིགས་ཀྱི་སེམས་ངོ་ན་བཅོས་མིན་དུ་གནས་ཡོད་པའི་མངོན་འདོད་ངོ་མ་དེ་ཡང། བོད་པ་རང་ཉིད་ཀྱིས་ཅི་མི་སྙམ་པར་རྩ་མེད་བཟོས་ན། ད་ཆ་བོད་རྒྱལ་ཁབ་ཅེས་པ་མེད་པ་མ་ཟད། ད་ནས་བཟུང་བོད་རྒྱལ་ཁབ་ཅེས་པའི་ཐ་སྙད་འདི་ཡང་ཁྲིམས་ཐོག་ནས་རྩ་བརླགས་སུ་སོང་བ་རེད། འདི་ནི་གཞན་ཞིག་གིས་བཙན་པོ་དབང་ཡོད་ཀྱི་ཐོག་ནས་མ་རེད་ལ། ད་ལྟའི་ཆར་མ་བྱས་ཀ་མེད་ཀྱི་གནས་སྟངས་ཤིག་ཀྱང་གཏན་ནས་ཡོད་པ་མ་རེད། བསམ་བཞིན་ཆེད་དུ་བཟོས་པའི་གནད་དོན་འདི་དག་མཐོང་ཚེ་བོད་ཀྱི་ཆབ་སྲིད་དེ་སྐྲ་སེན་ཙམ་ཡང་མ་ལྷག་པར་འཇའ་ལུས་སུ་དེངས་སོང་ཟེར་བ་དང་གཅིག་མཚུངས་སུ་གྱུར་སོང་།

ཕྱོགས་གཅིག་ནས་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་པ་དང་དུས་མཉམ་དུ་བོད་རྒྱལ་ཁབ་དང། བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་འདི་ཡང་བསྡུ་གསོག་རྒྱག་དགོས་པ་ཞིག་ཡིན་ན་རྒྱ་དམར་གཞུང་གིས་དུས་རྒྱུན་བོད་དོན་དེ་ཏཱ་ལའི་བླ་མ་སྐུ་སྒེར་གྱི་གནད་དོན་ཡིན་ཚུལ་བཤད་པ་དེར་ཡང་། དོན་གྱིས་བདེན་ཁ་སྤྲད་པ་ཞིག་ཏུ་གྱུར་སོང་བ་དང། མདོར་བསྡུས་ན་བོད་རྒྱལ་ཁབ་ཅེས་པ་འཛམ་བུ་གླིང་པ་སུས་ངོས་ལེན་མ་བྱས་ཀྱང་བོད་པ་རང་ངོས་ནས་དུས་ནམ་ཡང་སེམས་ནས་འདོར་མི་རུང་བ་ཞིག་ཏུ་གྱུར་ཡོད།།

{jcomments on}