གཙོ་བོ་ནི་བོད་ཀྱི་བདེ་དོན་ཆེད་ཡིན།

ཟླ་འདིའི་ཚེས་༡༧ ཉིན་རྒྱ་གར་གྱི་སྲིད་བློན་གཞོན་པ་ཟུར་པ་དང་བྷི་ཇཱི་བྷི་ཆབ་སྲིད་ཚོགས་པའི་འགོ་ཁྲིད་རྒན་གྲས་སྐུ་ཞབས་ཨ་ཌི་ཝཱ་ནི་མཆོག་དང། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པེ་རེམ་ཀུ་མར་དུ་མལ་མཆོག་གཙོས་མངའ་སྡེའི་འབྲེལ་ཡོད་ལས་བྱེད་རྣམས། དྷ་སའི་ཉེ་འཁོར་གྱི་གནམ་ཐང་དུ་འབྱོར་སྐབས། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་སྐབས་གསུམ་པའི་བཀའ་ཁྲིར་འོས་འདེམས་བྱུང་བ་མཁས་དབང་བློ་བཟང་སེང་གེ་མཆོག ཕྱི་འབྲེལ་དྲུང་ཆེ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ཀྱིས་ཕེབས་བསུ་ཞུས་ཡོད་པ་རེད།

b j pཟླ་འདིའི་ཚེས་༡༨ ཉིན་སྲིད་བློན་ཟུར་པ་མཆོག་དང་ཧི་མ་ཅལ་མངའ་སྡེའི་བློན་ཆེན། འབྲེལ་ཡོད་ཀྱི་ལས་བྱེད་བཅས་ཀྱིས་༧གོང་ས་མཆོག་གི་ཕོ་བྲང་དུ་ཆེད་བསྐྱོད་ཀྱིས་མཇལ་ཁ་ཞུས་ཡོད་པ་དང།  ༧གོང་ས་མཆོག་དང་མཇལ་ཁའི་ལྷན་འཛོམས་གྲུབ་པའི་རྗེས་སྲིད་བློན་ཟུར་པ་མཆོག་གིས་གསར་འགོད་པ་ཚོར་གསུང་དོན། ངས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཐེངས་འགའ་ཤས་ཞུ་མྱོང་ཡོད་པ་དང།  ད་ཐེངས་ཀྱི་མཇལ་འཕྲད་འདི་ནི་དེ་སྔ་ངས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ། ཉིན་གཅིག་ང་རང་ཞུགས་སྒར་དུ་སྐུ་ཉིད་ལ་མཇལ་ཁ་ཞུ་རྒྱུ་ཡིན་ཞུས་པ་ལྟར། དེ་རིང་དངོས་སུ་བཞུགས་སྒར་དུ་བཅར་ཏེ་༸གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་བ་ཡིན་ཞེས་གསུངས་ཡོད་པ་རེད།

ཡང་ཁོང་གིས་མུ་མཐུད་ནས། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་སྐབས་གླེང་སློང་བྱེད་དོན་གཙོ་བོ་ནི་བོད་ཀྱི་བདེ་དོན་ཆེད་ཡིན་པ་དང་། ངས་ཁོང་ལ་བོད་ཐོག་རྒྱ་ནག་གཞུང་གིས་འཛིན་པའི་སྲིད་བྱུད་དེར་འགྱུར་བ་གང་ཞིག་ཡོད་མེད་སྐོར་བཀའ་དྲི་ཞུས་པར། ཁོང་གིས་ད་ལྟ་རྒྱ་ནག་གཞུང་གིས་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རྒྱུའི་འཆར་གཞི་གཟིགས་ཀྱི་མེད་ཀྱང་རེ་བ་ཡོད་སྐོར་བཀའ་བསྩལ་བྱུང་ཞེས་གསུངས་ཡོད་པ་རེད།

དེ་དང་བསྟུན་ནས་༸གོང་ས་མཆོག་གིས་དབྱུག་རྩེད་སྤོ་ལོ་རྩེད་འགྲན་རུ་ཁག་གཅིག་གི་རྩེད་འགྲན་པ་མི་གྲངས་ ༣༠ ལྷག་ཙམ་ལ་མཇལ་ཁ་གནང་ནས་བཀའ་སློབ་ཕེབས་དོན། ངས་རྒྱུན་དུ་ང་རྒྱ་གར་གྱི་བུ་ཡིན་ཞེས་བརྗོད་ཀྱི་ཡོད། གང་ཡིན་ཞེས་ན་ངའི་ལུས་པོ་ནི་རྒྱ་གར་གྱི་འབྲས་དང་དྷ་ལི་ལ་བརྟེན་ནས་འཚོ་བ་ཞིག་ཡིན་པ་དང་། ངའི་ཀླད་པའི་རྡུལ་རྫས་རེ་རེ་ནས་རྒྱ་གར་གྱི་སྲོལ་རྒྱུན་ནཱ་ལེནྡྲའི་ལེགས་བཤད་ཀྱིས་ཁེངས་ཡོད། ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་ཙམ་མིན་པར་ལོ་ངོ་བརྒྱ་ཕྲག་འགའ་ཤས་རིང་ཤེས་ཡོན་གྱི་བསྟི་གནས་གྲགས་ཅན་རྩེ་ཕུད་ཅིག་ཡིན་འདུག་པ་དང། དེ་ནས་ཀླུ་སྒྲུབ་ལ་སོགས་པའི་མཁས་དབང་བསམ་གྱིས་མི་ཁྱབ་པ་བྱུང་ཡོད། ང་ལོ་དྲུག་བདུན་སྐབས་ནས་ལེགས་བཤད་དེ་དག་ལ་སློབ་གཉེར་བྱེད་འགོ་བཙུགས་ཡོད་ཅེས་གསུངས་ཡོད་པ་རེད།

༧གོང་ས་མཆོག་གིས་མུ་མཐུད་ནས། ང་ལ་ཁ་སང་རྩེད་འགྲན་དུ་ཡོང་རོགས་ཞེས་མགྲོན་ཤོག་འབྱོར་ཡང་ངོས་རང་རྒྱུན་དུ་ཆུ་ཚོད་ ༧།༣༠ ཙམ་ལ་ཉལ་གྱི་ཡོད་པ་མ་ཟད། ཨ་རི་ནས་འབྱོར་འཕྲལ་ཡིན་པར་བརྟེན་ཏོག་ཙམ་དཀའ་ལས་ཁག་བྱུང་། ཡིན་ནའང་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་མཆོག་གིས་ང་ལ་ཟླ་འདིའི་ ༢༡ ཉིན་རྩེད་འགྲན་དུ་མགྲོན་འབོད་གནང་བ་ལྟར་ཡོང་གི་ཡིན། ཡིན་ནའང་ངས་རྩེད་མོ་འདིའི་སྐོར་གང་ཡང་ཤེས་ཀྱི་མེད་པས། དེ་སྔོན་ང་རང་ཚར་གཅིག་རྩེད་འགྲན་ལ་ཕྱིན་པ་ཡིན། སྐབས་དེར་རྩེད་འགྲན་པའི་རུ་ཁག་སུ་ལ་རྒྱལ་ཁ་ཐོབ་ཡོད་མེད་གང་ཡང་མ་ཤེས་སྟབས། སྤྱི་ཁྱབ་བློན་ཆེན་མཆོག་ལ་བཀའ་འདྲི་ཞུ་དགོས་བྱུང་ཞེས་སོགས་གསུངས་ཡོད་པ་རེད།།

{jcomments on}