སློབ་དཔོན་བློ་བཟང་དོན་གྲུབ་དགོངས་པ་ཆོས་དབྱིངས་སུ་ཐིམས་པ།
རིན་ཆེན་དབང་རྒྱལ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་འཁོད་དོན། བོད་རྒྱལ་ལོ ༢༡༣༨ རབ་བྱུང་བཅུ་བདུན་པའི་ལྕགས་ཡོས་ལོའི་བོད་ཟླ་གཉིས་པའི་ཚེས་ཉེར་དགུ། ཕྱི་ལོ ༢༠༡༡ ཟླ་བ ༥ ཚེས ༡ ཉིན་གངས་ལྗོངས་རིག་པ་སྨྲ་བའི་ཁྱུ་མཆོག་ཅེས་པའི་མཚན་སྙན་ཐོབ་ཅིང་མདོ་ཁམས་ཕྱོགས་སུ་བསྟན་པའི་མེ་རོ་སླར་གསོའི་ཕྱག་རྗེས་བླ་མེད་དུ་འཇོག་གནང་མཛད་པའི་སློབ་དཔོན་བློ་བཟང་དོན་གྲུབ་མཆོག་ལོ་འདིར་དགུང་ལོ་བརྒྱད་ཅུ་རྒྱ་དྲུག་ལ་ཕེབས་ཏེ། དགུང་ལོ་བགྲེས་པས་སྐུ་གཟུགས་ཉོབ་སྣང་གི་རྣམ་པ་མངོན་པ་ལས་གཞན་སྙུང་གཞིའི་རྐྱེན་ཚབས་ཆེན་གང་ཡང་མ་བསྟན་པར། མདོ་ཁམས་ཏྲེ་ཧོར་བྲག་འགོ་དགོན་དུ་རེ་ཞིག་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམས་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པ་རེད།
དེ་ཡང་མཁས་མཆོག་དམ་པ་དེ་ཉིད་སྐུ་མྱ་ངན་ལས་འདས་མ་ཐག་ཏུ་བོད་ཕྱི་ནང་དུ་ཡོད་པའི་བྲག་འགོ་དགོན་པའི་སེར་སྐྱ་ཡོངས་ཀྱིས་སྐྱོ་གདུང་དྲག་པོས་བསྔོ་བ་སྨོན་ལམ་འཚོགས་པ་དང། བྲག་འགོ་རྫོང་སྲིད་གཞུང་གི་བོད་རིགས་ལས་བྱེད་རྣམས་གཙོས་བྲག་འགོ་ཁུལ་གྱི་སེར་སྐྱ་མི་མང་ཡོངས་ཀྱིས་དམ་པ་དེ་ཉིད་ཀྱི་མཛད་པ་འཕྲིན་ལས་ལ་དད་གདུང་ཆེ་བས་ཡིད་སེམས་སྐུལ་ཏེ་གཟིམ་ཤག་ཏུ་ཆེད་བཅར་གྱིས་ཡིད་སྐྱོ་ལྷང་ལྷང་ངང་སྐུ་གདུང་གི་མདུན་དུ་ཕྱག་འཚལ་ཞིང་མཇལ་དར་བསྒྲོན་ཏེ་ཚང་མས་མྱ་ངན་ཞུས། ལྷག་པར་དུ་ཉིན་དེར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་དང་སློབ་མ་བདུན་བརྒྱ་ཙམ་གྱིས་སློབ་དཔོན་དམ་པ་དེ་ཉིད་ཀྱི་སྐུ་པར་སློབ་གྲྭའི་ར་བར་གདན་དྲངས་ཏེ་རང་རང་གི་དད་གུས་མཚོན་པའི་མཇལ་དར་བསྒྲོན་པ་མ་ཟད་མདུན་དུ་བསྔོ་བ་སྨོན་ལམ་ཚོགས། མཇུག་ཏུ་དགེ་རྒན་ཆེན་མོ་ཚེ་དབང་འགྱུར་མེད་ཀྱིས་སློབ་མ་རྣམས་ལ་དམ་པ་དེ་ཉིད་ཀྱི་མཛད་རྗེས་གསུངས་པ་དང་སྦྲགས་ཚང་མས་སློབ་དཔོན་ཉིད་ཀྱི་མཛད་རྗེས་ལ་ཁ་མིག་གྱེན་བལྟས་ཀྱིས་རང་གི་མི་རིགས་དང་རིག་གཞུང་ལ་དམ་པ་དེ་ཉིད་ལྟར་ཕྱག་རྗེས་འཇོག་ཐུབ་པའི་སློབ་གསོ་གནང། ཁོང་ཉིད་བདུན་ཕྲག་གཅིག་རིང་ལ་ཐུགས་དམ་དུ་བཞུགས་ཤིང་མཐར་ཐུགས་དམ་ལས་བཞེངས་མ་ཐག་སྐུ་གདུང་རིན་པོ་ཆེ་གནའ་བོའི་དགོན་རྙིང་གི་དུར་ཁྲོད་དུ་ཞུགས་འབུལ་བྱས་ཡོད། སྐུ་གདུང་ཞུགས་འབུལ་གྱི་ཉིན་དགོན་པའི་མཁན་ཁྲི་དང་། སི་ཁྲོན་ཞིང་ཆེན་ནང་བསྟན་མཐོ་སློབ་ཀྱི་སློབ་དཔོན་འཕྲིན་ལས་དོན་གྲུབ་སོགས་གཙོས། བྲག་འགོ་ཁུལ་གྱི་དགོན་ཁག་གཞན་དང། གསེར་རྟ་བླ་རུང་སྒར་གྱི་སྐུ་ཚབ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་རྣམ་པ། བྲག་འགོ་རྫོང་སྲིད་གཞུང་གི་བོད་རིགས་ལས་བྱེད་པ་སོགས་སེར་སྐྱ་མང་པོས་སྐྱིད་སྡུག་མཉམ་མྱོང་གིས་མཉམ་ཞུགས་བྱས།
མཁས་མཆོག་དེ་ཉིད་ནི་རབ་བྱུང་བཅོ་ལྔ་པའི་ཤིང་བྱི་ལོ། ཕྱི་ལོ ༡༩༢༤ ལོར་ཁམས་བྲག་འགོ་ནོར་པ་གཡང་སྡེའི་ཕྱུག་མོ་རུ་སྐུ་འཁྲུངས་ཤིང། རང་ལོ་བཅུ་གཅིག་སྟེང་བྲག་འགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དུ་ཆོས་ཞུགས་ཀྱིས་ཡི་གེ་འབྲི་ཀློག་ལ་སྦྱངས་ཏེ་རིག་པའི་གཟི་འོད་འཕྲོ་བའི་རྨང་གཞི་བཏིང་། བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ལོ། ཕྱི་ལོ ༡༩༤༡ ལོར་དགུང་གྲངས་བཅུ་བདུན་ཐོག་སྔོན་གྱི་ཐུགས་བསྐྱེད་ནུས་མཐུ་ལས་ལྷ་ལྡན་འབྲས་སྤུངས་བློ་གསལ་གླིང་དུ་འཛུལ་ཞུགས་ཀྱིས་གངས་རིའི་ལྗོངས་སུ་མི་ལ་རས་པ་གཉིས་པ་ཞེས་ཉམས་རྟོགས་ལ་མངའ་བརྙེས་པའི་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་ཚེ་དབང་ནོར་བུ་དང། ཚུལ་ཁང་མཁན་ཟུར་འཇམ་དཔལ་འཕྲིན་ལས་ཡོན་ཏན་རྒྱ་མཚོ། བྲག་འགོ་དགེ་བཤེས་ཡེ་ལོ་སོགས་ཞབས་པད་སྤྱི་བོར་བཀུར་ཏེ་དབུ་ཕར་འདུལ་མཛོད་ཚད་མ་བཅས་ལ་ཚུལ་གསུམ་རིགས་པའི་གཏན་ཚིགས་ཀྱིས་བརྡར་ཤ་བཅད་པས་གདན་སའི་མཁས་དབང་སྐར་ཚོགས་ཀྱི་དབུས་སུ་ཟླ་བ་བཞིན་དུ་མངོན་པར་འཕགས། དབུ་ཚད་གཉིས་ཀྱི་རིགས་ལམ་རྩོད་གྲྭར་ཞུགས་པ་ན་གདན་སའི་མཁས་པ་ཀུན་གྱིས་ཏྲེ་ཧོར་སྨེ་ནག་ཅན་འདི་དེ་འདྲའི་རིག་པ་རྣོ་བ་ལ་ཨང་ཞེས་གཙུག་ཏུ་བཀུར་ཅིང་མཚན་སྙན་གྲགས། སྐབས་དེར་དངོས་སློབ་ལ་ད་ལྟར་སྐུ་འཚོ་གཞེས་པའི་ཤར་པ་ཆོས་རྗེ་ལྷ་རམས་པ་བློ་བཟང་བསྟན་འཛིན། བློ་གླིང་མཁན་ཟུར་རིན་པོ་ཆེ་བློ་བཟང་རྒྱ་མཚོ། བློ་གསལ་གླིང་གི་དཔེ་ཁྲིད་སློབ་དཔོན་དགེ་བཤེས་རྒན་དཔལ་ལྡན་གྲགས་པ། སྐུ་གཤེགས་དགེ་བའི་བཤེས་གཉེན་ཆེན་མོ་རྒན་ཡེ་ཤེས་དོན་གྲུབ་སོགས་ཞྭ་སེར་ཅོ་པན་འཆང་བའི་ཁྲི་ལ་འཁོད་པ་དང་མཁས་པའི་རྒྱལ་ས་ཟིན་པའི་སློབ་མ་གསོ་སྐྱོང་གནང།
བོད་རབ་བྱུང་བཅུ་དྲུག་པའི་ས་ཕག་ལོ། ཕྱི་ལོ ༡༩༥༩ ལོར་རྒྱ་དམར་གྱིས་བོད་ས་བཙན་འཛུལ་གྱི་དུས་ཟིང་དེར་རང་ཡུལ་བྲག་འགོ་དགོན་དུ་ཕེབས་དགོས་བྱུང་ཞིང་། རེ་ཞིག་སློབ་མ་གསོ་སྐྱོང་དང་སློབ་ཁྲིད་ཀྱི་མཛད་འཕྲིན་སྐྱོང་མ་ཐུབ་པར་བཞུགས། ཕྱིས་རིག་གནས་གསར་བརྗེ་ཟེར་བའི་རླུང་འཚུབ་ལྡང་སྐབས་དམ་པ་དེ་ཉིད་ཀྱང་འཐབ་འཛིང་སྣ་ཚོགས་ཀྱིས་བགྲང་བྱ་གཅིག་གི་རིང་བཙོན་ཁང་དུ་ཚུད་ཅིང་། བཙོན་ཁང་དུ་རང་ཉིད་ལ་རྩམ་རྡོག་ཁམ་གང་རག་པ་དེའང་བཙོན་རོགས་རྣམས་ལ་སྦྱིན་ཏེ་རང་ཉིད་ལྟོགས་སྐོམ་གྱི་སྡུག་ཡུས་ལ་བཟོད་བསྲན་དྲག་པོ་བྱེད་དགོས་བྱུང་ཞེས་དམ་པ་རང་གི་ཞལ་དྲོད་མོ་ནས་དངོས་སུ་ཐོས་རྒྱུ་བྱུང་།
ཕྱི་ལོ་༡༩༨༡ ལོར་རིག་གནས་གསར་བརྗེའི་དུས་ཟིང་གནས་སྐབས་རིང་ཅུང་ཟད་ལྷིང་འཇགས་སུ་གྱུར་པ་དང་མི་ཉག་པའི་མཁས་པ་ཐུབ་བསྟན་ཉི་མ་སོགས་ཀྱིས་སྡེ་དགེ་རྫོགས་ཆེན་གྱི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་གདན་ཞུས་ལྟར་ཚད་མ་རིག་པའི་དགེ་རྒན་དུ་ཕེབས་ཏེ། དེ་གར་བགྲང་བྱ་ལྔའི་རིང་སློབ་ཁྲིད་གནང་སྟེ་སློབ་མ་བརྒྱ་ཕྲག་ཉེ་བ་ཞིག་ལ་མཁས་པའི་མིང་གྲགས་ཐོབ་པར་མཛད། ཕྱི་ལོ་༡༩༨༤ ནས་སྔ་ཕྱིས་བགྲང་བྱ་བཅུ་གསུམ་གྱི་རིང་བྲག་འགོ་དགོན་པའི་མཁན་པོ་དང་མཁན་ཟུར། ཚོགས་ཆེན་ཁྲི་ལ་མངའ་གསོལ་བ་དང་ཆབས་ཅིག གྲྭ་མང་ཡོངས་ལ་གཞུང་པོ་ཏི་ལྔའི་ཕྱག་དཔེ་སློབ་ཁྲིད་མཛད་པ་དང། ཁྱད་པར་དུ་སྐུ་ངལ་འཛེམས་མེད་ཀྱིས་བྲག་འགོ་ཁུལ་གྱི་ཁྱིམ་དུད་རེ་རེའི་ནང་དུ་ཕེབས་ཏེ་སེར་སྐྱ་ཀུན་ལ་ཆོས་ཀྱི་འཇུག་སྒོ་སྐྱབས་འགྲོ་དང་བྱམས་སྙིང་རྗེའི་བསམ་བློ་སོགས་ཆོས་ཀྱི་སྙིང་པོའི་བདུད་རྩི་བསྩལ་བས་དེ་གའི་ས་ཁུལ་ཡོངས་ལ་ཞི་བདེ་བག་ཕེབས་དང་ལྷིང་འཇགས་འཆམ་མཐུན་གྱི་ཕྱག་རྗེས་འཇོག་གནང་མཛད།
ཕྱི་ལོ་༡༩༨༥ ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་བྲག་འགོ་ཁུལ་དུ་གཟིགས་སྐོར་ཕེབས་སྐབས་མཁས་མཆོག་དེ་ཉིད་ཀྱི་ལུང་རིགས་ཀྱི་རྟགས་བསལ་ལ་ཐུགས་ཡིད་ཤིན་ཏུ་དགྱེས་པའི་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་མྱོང། ཕྱི་ལོ ༡༩༨༧ ལོར་སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གྲྭ་ཆེན་མོར་གདན་ཞུས་ལྟར་མི་ཉག་དཔལ་ལྷ་སྒང་དུ་ཕེབས་ཏེ་རིས་མེད་གྲུབ་མཐའ་ཁག་གི་སློབ་མ་རྣམས་ལ་ཚད་མ་རིག་པའིི་སློབ་ཁྲིད་གནང། སྔ་རྗེས་སུ་ལྷ་སྒང་ནང་བསྟན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་དང་། མདོ་ཁམས་མི་ཉག་མགར་ཐར་དགོན། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གྲྭ་ཆེན་མོ། ཏྲེ་ཧོར་དཀར་མཛེས་དགོན། འདྲ་གདུགས་དཀར་དགོན་བཅས་ལ་ཚད་མ་དང་དབུ་ཕར་སོགས་ཀྱི་སློབ་ཁྲིད་གནང་སྟེ་བོད་བརྒྱུད་ནང་བསྟན་གྱི་མེ་རོ་སླར་གསོ་ལ་དུས་ཐོག་ཆར་པ་བཞིན་དུ་ཐུགས་རྗེ་མཛད། ཕྱི་ལོ༡༩༩༥ ལོར་བྲག་འགོ་དགོན་པའི་བཤད་གྲྭ་དངོས་སུ་འགོ་ཚུགས་པ་དང་མཁས་མཆོག་དམ་པ་དེ་ཉིད་ཀྱིས་དགེ་རྒན་དང་དབུ་འཛིན་གཅིག་ལྕོག་གནང་སྟེ་ད་ལྟ་བར་དུ་ཕྱག་དཔེ་ཁྲིད་པའི་རྒྱུན་བསྐྱངས། ཕྱི་ལོ ༢༠༠༧ ལོར་སླར་ཡང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཕེབས་ཏེ་ཚད་མ་དང་དབུ་ཕར་སོགས་ཀྱི་སློབ་ཁྲིད་གནང་འདུག
མདོར་ན། གངས་ལྗོངས་རིག་པ་སྨྲ་བའི་ཁྱུ་མཆོག་ཅེས་མཚན་སྙན་རྒྱས་པའི་སློབ་དཔོན་དམ་པ་བློ་བཟང་དོན་གྲུབ་མཆོག་གིས་སྐུ་ཚེ་གང་བོར་ལྷག་བསམ་དང་རྣམ་དཔྱོད་ཟུང་འབྲེལ་གྱིས་ཐུན་མོང་དང་ཐུན་མ་ཡིན་པའི་རིག་གནས་སྤྱི་དང་བྱེ་བྲག་ཏུ་བོད་བརྒྱུད་ནང་བསྟན་གྱི་མེ་རོ་མདོ་ཁམས་ཕྱོགས་ནས་སླར་གསོ་ཡོང་བ་ལ་བསུབ་དུ་མེད་པའི་མཛད་རྗེས་རླབས་ཆེན་བཞག་པའི་ལོ་རྒྱུས་མདོར་བསྡུས་སུ་བཀོད་དོ།།
བོད་རྒྱལ་ལོ ༢༡༣༨ ཕྱི་ལོ ༢༠༡༡ ཟླ ༥ ཚེས ༢༠ ཉིན་བཟང་པོ་ལ་ཕུལ་ལོ།