སྐུ་འཚོ་བཞུགས་ཡོད་མེད་བློ་དོགས་དང་སེམས་ཁྲལ་ཡོད།

ཟླ་འདིའི་ཚེས་༡༧ ཉིན་ནི་༧པཎ་ཆེན་མཆོག་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གིས་བཙན་ཁྲིད་བྱས་པ་དང་། ད་བར་ཁོང་གི་སྐུ་འཁོར་དང་བཅས་བ་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༡༦ འཁོར་ཡོད་པས། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་བཀོད་ཁྱབ་འོག་ས་གནས་ཁག་སྤྱི་མཚུངས་ལྟར་བལ་ཡུལ་དུ་ས་གནས་བུད་མེད་ཚོགས་པས་ལས་འགུལ་གོ་སྒྲིག་བྱས་པ་དང་། ཚོགས་གཙོ་མཚོ་མོ་ལགས་ཀྱིས། ལས་འགུལ་ལ་གཞུང་དགོན་བསམ་གཏན་གླིང་དུ་ཆུང་སྲིད་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་དང་། མཆོད་རྟེན་བྱ་རུང་ཁ་ཤོར་ཆེན་མོའི་སྐུ་མདུན་དུ་བསང་གསོལ། ད་དུང་ཡིག་ཆ་འགྲེམས་སྤེལ་དང་མར་མེ་ཁྲོམ་སྐོར་ཀྱི་ལས་འགུལ་སྤེལ་ཡོད་ཅེས་བརྗོད་སོང་།

ལས་འགུལ་སྐབས་མི་ལོ་བཅུ་དྲུག་ཙམ་གྱི་རིང་ཆུང་སྲིད་རིན་པོ་ཆེ་མཆོག་བྱིས་བ་གཞན་དང་གཅིག་མཚུངས་བདེ་ཐང་ངང་སློབ་སྦྱོང་བྱེད་བཞིན་ཡོད་པ་རྒྱ་ནག་གི་བཤད་ཚུལ་ཙམ་ལས། དོན་དངོས་ད་བར་སྐུ་ཉིད་ཀྱི་སྐུ་པར་ཙམ་ཡང་མཐོང་རྒྱུ་མེད་པར་གྱུར་པ་ནི་ཧ་ཅང་བློ་འཚབ་སྐྱེས་གཞི་ཞིག་ཆགས་ཡོད་པ་དང་། མི་ལོ་བཅུ་དྲུག་ལ་གར་སོང་ཆ་མེད་དུ་གྱུར་བ་ནི་དུས་ཡུན་ཐུང་ཐུང་མིན་པས་ང་ཚོར་བློ་འཚབ་ཆེན་པོ་ཡོད་ཐོག་ཆུང་སྲིད་རིན་པོ་ཆེ་ད་ཆ་སྐུ་འཚོ་བཞུགས་ཡོད་མེད་ཐད་བློ་དོགས་དང་སེམས་ཁྲལ་ཆེན་པོ་ཡོད་ཅེས་ས་གནས་བུད་མེད་དྲུང་ཆེ་ཚེ་རིང་ལྷ་སྒྲོན་ནས་བརྗོད་སོང་།

ཆུང་སྲིད་རིན་པོ་ཆེ་གང་དུ་ཡོད་དམ་ཞེས་འདྲི་རྟགས་བཀོད་པའི་འགྲེམས་སྤེལ་ཡིག་ཆ་དེའི་ནང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་བཟང་སྤྱོད་ལ་བརྩི་སྲུང་བྱས་ནས། ད་བར་མི་ལོ་བཅུ་དྲུག་རིང་བློ་འཚབ་ཆེན་པོས་རྩད་གཅོད་བྱེད་མཁན་རྒྱལ་སྤྱིའི་ཚོགས་སྡེ་དང་། མི་མང། བོད་མི་གཙོས་དད་ལྡན་པ་ཀུན་ལ་ཆུང་སྲིད་ཉིད་ད་ལྟ་གང་དུ་བཞུགས་པ་དང་གནས་སྟངས་གང་ཡིན་གསལ་བོ་བརྗོད་དགོས་སྐོར་འཁོད་ཡོད་པ་རེད།

མཆོག་སྤྲུལ་ཆུང་སྲིད་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་ ༡༩༨༩ ཟླ་ ༤ཚེས ༢༥ ཉིན་བོད་ནག་ཆུ་ལྷ་རི་ལ་སྐུ་འཁྲུངས་པ་དང་། དེ་ནས་དགུང་གྲངས་དྲུག་སྐབས་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་ཡོད་པ་དང་ད་ལྟ་དགུང་ལོ་ ༢༢ ཕེབས་ལ་ཕེབས་ཡོད་པ་རེད།།
བལ་ཡུལ་གསར་འགོད་པས།