ཏཱ་ལའི་བླ་མར་སྒོ་ཕྱེས་ནས་བཞག་ཡོད་ཟེར།

ཟླ་འདིའི་ཚེས་༡༩ ཉིན་པེ་ཅིང་ནས་གནས་ཚུལ་སྤེལ་བ་ལྟར་ན། པེ་ཅིང་དུ་གྲང་ཉུང་མི་རིགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བདེ་འཇགས་ཀྱི་སྐོར་གསར་འགོད་གསལ་བསྒྲགས་ཤིག་འཚོགས་ཡོད་པ་དང། སྐབས་དེར་བོད་རང་སྐྱོང་ལྗོངས་ཟེར་བའི་གཙོ་འཛིན་རྒན་པ་པད་མ་འཕྲིན་ལས་ཞེས་པས། རྒྱ་ནག་གཞུང་གིས་ཆ་རྐྱེན་བཏོན་པ་ཁག་ཏཱ་ལའི་བླ་མས་ངོས་འཛིན་བྱས་ན། རྒྱ་གཞུང་གི་ངོས་ནས་ག་དུས་ཡིན་ཡང་ཏཱ་ལའི་བླ་མ་ཕྱིར་ལོག་རྒྱུར་སྒོ་ཕྱེས་ནས་བཞག་ཡོད་པ་དང། ཏཱ་ལའི་བླ་མ་བགྲེས་ཡོལ་བྱས་ཀྱང་རུང་མ་བྱས་ཀྱང་རུང། བགྲེས་ཡོལ་གྱི་རྗེས་སུ་གང་དུ་འགྲོ་བ་དང་གང་བྱེད་པ་རྣམས་ཀྱིས། བོད་མི་ཚོར་ཤུགས་རྐྱེན་ཞིག་སྲ་བརྟན་རྒྱུན་གནས་བྱེད་ངེས་ཡིན་རུང།  རྦ་རླབས་ཆུང་ངུ་ཞིག་གིས་ཆར་སྤྲིན་ཅན་གྱི་གནམ་གཤིས་བཟོ་ཐུབ་ཐབས་མེད་ཅེས་བརྗོད་ཡོད་པ་རེད།

ད་ལྟའི་སྐབས་༧གོང་ས་མཆོག་བགྲེས་ཡོལ་ཆ་ཚང་ཕེབས་གཏན་འཁེལ་ཡོད་པ་དང། འདི་དང་འབྲེལ་ནས་བོད་གཞུང་གི་ངོས་ནས་བཅའ་ཁྲིམས་བསྐྱར་བཅོས་སོགས་ཀྱིས་ལས་འཆར་སྒྲིག་བཞིན་པར་རྒྱ་ནག་གཞུང་ཕྱོགས་ནས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང། ཕྱོགས་གཅིག་ནས་རྒྱ་ནག་གི་བརྒྱུད་ལམ་ཁག་ནས་བོད་གཞུང་ཟེར་བ་ངོས་ལེན་མེད་པ་དང། སྒྲིག་འཛུགས་དེ་༧ཏཱ་ལའི་བླ་མ་སྒེར་གྱི་དབང་ཆ་འཐབ་རྩོད་ཀྱི་ཆེད་དུ་རེད་ཅེས་བརྗོད་བཞིན་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་༧གོང་ས་མཆོག་གིས་སྐུ་དབང་ཡོངས་རྫོགས་མི་མང་གིས་བདམས་པའི་འགོ་ཁྲིད་ལ་མར་གནང་སྐབས། དེ་གཡོ་སྒྱུ་དང་ཆབ་སྲིད་འཁྲབ་པ་རེད་ཅེས་བརྗོད་བཞིན་ཡོད་པ་རེད།

མདོ་དོན་རྒྱ་ནག་གཞུང་གིས་༧གོང་ས་མཆོག་མ་བཞུགས་པའི་སྐབས། བཙན་བྱོལ་ནང་གི་སྒྲིག་འཛུགས་སམ་བོད་གཞུང་དེ་རང་བཞིན་གྱིས་ནུས་མེད་ཆགས་རྒྱུ་དང། བོད་དོན་འཐབ་རྩོད་དེ་ཡང་རང་བཞིན་གྱིས་མེད་པར་ཆགས་རྒྱུར་རེ་བ་དང་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་རེད། ད་ཐེངས་༧གོང་ས་མཆོག་གིས་སྐུ་དབང་ཡོངས་རྫོགས་མི་མང་གིས་བདམས་པའི་འགོ་ཁྲིད་ལ་མར་རྩིས་སྤྲད་པ་དེ་ནི། བོད་དོན་འཐབ་རྩོད་༧གོང་ས་མཆོག་གི་སྐུ་འཚོ་བཞུགས་ཀྱི་དུས་ཙམ་མིན་པར། ཕུགས་རྒྱང་རིང་པོར་གནས་ཐབས་ཀྱི་དགོངས་བཞེས་གནང་ཡོད་པས། རྒྱ་གཞུང་གིས་སྔོན་དུས་འཆར་འགོད་དང་རེ་བ་བྱེད་བཞིན་པ་དེ་ལ། ལྡོག་ཕྱོགས་ནས་ལན་འདེབས་བྱས་ཡོད་པའི་རྐྱེན་གྱིས། རྒྱ་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་བོད་དོན་འཐབ་རྩོད་ལམ་ལྷོང་མི་ཡོང་བའི་ཆེད་དུ་སྐྱོན་བརྗོད་དང་འཁྱོག་བཤད་སྣ་ཚོགས་བྱེད་བཞིན་ཡོད་པ་རེད།།