རྫ་ཁོག་གི་བཙོན་པ་གསུམ་གློད་གྲོལ་བཏང་འདུག
ཟླ་འདིའི་ཚེས་༢༠ ཉིན་ནིའུ་ཛི་ལན་ཌིའི་ནང་གནས་སྡོད་ཁམས་རྫ་ཁོག་ནས་ཡིན་པ་གྲྭ་བློ་བཟང་དཀོན་མཆོག་ལགས་ཀྱིས་འདི་ག་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་གནང་དོན། ཕྱི་ལོ་༢༠༠༨ ལོར་བོད་ཆོལ་ཁ་གསུམ་ནས་ཞི་རྒོལ་ཆེན་མོ་བྱུང་བའི་སྐབས། ཁམས་སྡེ་དགེ་རྫོང་གི་ཁོངས་གཏོགས་རྫ་ཁོག་ཤང་དོ་ཟླ་གྲོང་། རྫ་ཁོག་དགོན་གསར་དགོན་གྱི་གྲྭ་བཀྲིས་རྒྱལ་མཚན་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང། ཉིན་གྲངས་༢༠ ཙམ་གྱི་སྔོན་ནས་གློད་གྲོལ་བཏང་ཡོད་འདུག ཁོང་སྔོན་དུས་རྒྱ་གར་དུ་ཕེབས་ནས་འབྲས་སྤུངས་སུ་ཆོས་སྒོར་ཞུགས་ཏེ་སློབ་གཉེར་གནང་མྱོང་ཡོད་འདུག
༢༠༠༩ ལོའི་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བའི་སྐབས་རྫ་ཁོག་ཏུ་༧གོང་ས་མཆོག་བོད་ལ་ཕེབས་དགོས། བོད་མི་ཚོར་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་ཞེས་ཡི་གེ་བཀྲམ་ཡོད་པ་དང། སྐབས་དེར་རྫ་ཁོག་དགའ་ཡེ་གྲོང་སྡེ་དགོན་གསར་དགོན་གྱི་གྲྭ་ཡེ་ཤེས་རྒྱ་མཚོ་དང་། ཡོ་ལ་གྲོང་ནས་ཡིན་པ་གྲྭ་ཡེ་ཤེས་དབང་ལྡན་གཉིས་རྒྱ་གཞུང་གིས་བཙོན་འཇུག་བྱས་ཡོད་པ་དང། ཁོང་གཉིས་རིམ་གྱིས་ཟླ་བ་༡ གི་སྔོན་དུ་གློད་གྲོལ་བཏང་ཡོད་རུང། ཡེ་ཤེས་རྒྱ་མཚོ་ལ་བཙོན་ཁང་དུ་ཉེས་རྡུང་ཚད་མེད་བཏང་བ་དང་། བཙོན་ཁང་དུ་ཉིན་གྲངས་༡༠ ལྷག་ཙམ་གྱི་རིང་ལ་ལངས་ནས་བསྡད་དགོས་པ་ལས། ཉལ་ས་དང་སྡོད་ས་སོགས་མེད་པ་བཟོས་ཡོད་པས། གཟུགས་གཞི་སྐྱོ་པོ་ཆགས་ནས་གློད་གྲོལ་བཏང་བ་ཞིག་ཡིན་འདུག་པ་དང། ད་ལྟའི་སྐབས་ཆབ་གསང་སོགས་བཏང་བར་འགྲོ་མི་ཐུབ་པར་མི་གཉིས་ཀྱིས་རོགས་སྐྱོར་ལ་བརྟེན་དགོས་ཀྱི་ཡོད་འདུག
དེ་བཞིན་རྫ་ཁོག་དགོན་གསར་དགོན་ཡོ་ལ་གྲོང་ནས་ཡིན་པའི་གྲྭ་ཡེ་ཤེས་དབང་ལྡན་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་རུང། ཉེས་རྡུང་ཚད་མེད་བཏང་རྐྱེན་མཆིན་པ་ནད་པ་ཆགས་ནས་ད་ལྟའི་སྐབས་དཀར་མཛེས་ཀྱི་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང། དེ་བཞིན་ཁོང་རྣམས་བཙོན་ཁང་དུ་ཡོད་པའི་སྐབས་ཟས་སྐྱོ་བ་དང། དེའི་ཐོག་༧གོང་ས་མཆོག་ལ་མཚན་སྨད་ཞུ་བཅུག་པ་སོགས་ངོས་ལེན་མ་བྱས་པས། དེ་ལས་ཀྱང་ཉེས་རྡུང་མང་བ་བཏང་བ་སོགས་ཀྱི་དཀའ་ངལ་མང་པོ་མྱོང་ཡོད་འདུག
ད་ལྟའི་སྐབས་བཙོན་ཁང་དུ་ཡོད་པ་རྫ་ཁོག་གི་གྲྭ་བློ་བཟང་དོན་ཡོད། འཇམ་དབྱངས་ཆོས་འཕེལ། རྫ་དོ་བྱམས་པ་ལྷུན་གྲུབ། ཧོར་མདའ་བསོད་དཔལ་བཅས་བཞི་ཡིན་པ་དང། བཙོན་ཁང་དུ་ཡོད་པའི་སྐབས་ཕན་ཚུན་མཐོང་བ་ལས། སྐད་ཆ་ཤོད་རེས་དང་ཐུག་འཕྲད་སོགས་ཀྱི་གོ་སྐབས་སྤྲད་མེད་པ་རེད། བཙོན་ཁང་དེ་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་དང་ཉེ་ས་ཞིག་ལ་ཡོད་པ་རེད་ཅེས་གསུངས་བྱུང།།
{jcomments on}